རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་ནི་བོད་མི་གནས་སྡོད་འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཡོངས་ཀྱིས་༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས་༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།
ཚེས་༦ ཉིན་གྱི་ཞོགས་པ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འགོ་འཛིན་ལས་ཁང་གི་གོ་སྒྲིག་འོག མོན་གྷོ་ས་གནས་ ནོར་བུ་རི་རྩེར་སེར་སྐྱ་ཡོངས་མཉམ་འཛོམ་ཐོག་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་དང་བསངས་གསོལ་རླུང་རྟ་བསྒྲེངས་འཛུགས་སོགས་ཀྱི་ལས་རིམ་གྲུབ་པ་དང་ཆུ་ཚོད་༩ པའི་ཐོག་མོན་གྷོ་ས་གནས་མི་མང་ཚོགས་ཁང་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་ཞུས་ཡོད་པ་རེད།

news_mundgod2མཛད་སྒོའི་ཐོག་སྐུ་མགྲོན་གཙོ་ཀ་ཎ་ཌ་ཀ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་MLA (Arbail Shivaram Hebbar) མཆོག་དང་། བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། ས་འཐུས་ཚོགས་གཞོན་དགེ་བཤེས་རྣམས་རྒྱལ་རྒྱལ་མཚན།  ས་གནས་འགོ་འཛིན་ལས་ཚབ་བསྟན་འཛིན་མཆོག་ལྡན་བཅས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་།  ཉེ་འཁོར་གྱི་རྒྱ་གར་འབྲེལ་ཡོད་དཔོན་རིགས་རྣམ་པ།  གཞན་ཡང་མོན་གྷོ་ས་གནས་གདན་ས་དགའ་འབྲས་གཉིས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་དགེ་བསྐོས་དང་ཕྱག་མཛོད་རྣམ་པ།  སེར་སྐྱ་མི་མང་སློབ་ཕྲུག་དང་བཅས་ཚོགས་ཁང་ནང་མཉམ་འཛོམས་གནང་གྲུབ་པ་དང་།  ཐོག་མར་སྐུ་མགྲོན་རྣམ་པས་རྒྱལ་བའི་ཕོ་བྲང་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤྱན་སྣེའི་སྔོན་བསུས་ཏེ་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ།  སྐུ་མགྲོན་གཙོ་བོ་དང་ཕྱོགས་གཞུགས་སྤྱི་འཐུས།  མཁན་པོ་སྐུ་བགྲེས་བཅས་ཀྱི་སྐུ་པར་མདུན་དུ་སྣང་གསལ་མར་མེ་ཞལ་འབྱེད་དང་རྟེན་འབྱུང་མངར་ཟས་གཅོད་འབྲེག་དང་གསོལ་ཇ་འབྲས་སིལ་འདེགས་འབུལ་སོགས་ཀྱི་ལས་རིམ་སྒྲུབ་ཡོད་པ་རེད།

སྐུ་མགྲོན་གཙོ་སྐུ་ཞབས་MLA (Arbail Shivaram Hebbar) མཆོག་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གཏམ་བཤད་གནང་དོན།  ༧གོང་ས་མཆོག་ནི་བོད་པ་ཙམ་མིན་པར་འཛམ་གླིང་གི་བླ་མ་རེད་ལ།  ཁོང་དགུང་གྲངས་༧༩ ལ་ཕེབས་པར་འཚམས་འདྲི་ཞུ་བཞིན་ཡོད་ལ།  མ་འོངས་པར་ཡང་༧གོང་ས་མཆོག་སྐུ་ཚེ་རིང་པོར་བཞུགས་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།  ངས་ངོས་ནས་༧གོང་ས་མཆོག་ལ་གུས་བརྩི་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅེས་སོགས་གསུངས་སོང་ལ། ཁོང་གིས་གཏམ་བཤད་གྲུབ་རྗེས། སྟོན་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་ཞིག་ཕྱག་རྟགས་གསོལ་བསྩལ་གནང་ཡོད་པ་རེད།
དེ་ནས་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན་ལགས་གཉིས་ཀྱིས་རིམ་པས་རང་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་གྲུབ་རྗེས།  མཁན་པོ་སྐུ་བགྲེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་བློ་བཟང་ཡེ་ཤེས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་དང་འབྲེལ་བའི་མཛད་རྣམ་སྙིང་བསྡུས་སྒྲོགས་སྦྱང་གནང་སོང་།

news_mundgod1མཇུག་ཏུ་མོན་གྷོ་གཏན་སློབ་དང་གཞིས་གྲོང་དྲུག་པའི་སློབ་གྲྭ། དེ་བཞིན་གཞིས་གྲོང་ཁག་ཅིག་བཅས་ཀྱིས་བོད་མིའི་རིག་གཞུང་དང་འབྲེལ་བའི་གཞིས་སྣ་ཁག་གཅིག་མི་མང་ལ་གཟིགས་འབུལ་གནང་གྲུབ་རྗེས་ཉིན་འདིའི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

གཞན་ཡང་ཉིན་ཐ་མ་གཉིས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་ལས་རིམ་ནང་མོན་གྷོ་ས་གནས་ཀྱི་གཞིས་གྲོང་དང་གྲྭ་ཚང་ཁག་གི་སློབ་གྲྭ་ནང་ཕན་ཚུན་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཐོག་བགྲོ་གླེང་དང་རིག་གཞུང་འཁྲབ་སྟོན།  མོན་གྷོ་ས་གནས་ཀྱི་དགོན་སྡེ་གྲྭ་ཚང་དང་གཞིས་གྲོང་ཁག་བཅས་ཀྱི་ནང་ཁོར་ཡུག་གཙང་གཟོ།   དེ་བཞིན་ཤིང་སྣ་འདེབས་འཛུགས་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།

གཞན་ཡང་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན་ཚེས་༦ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷང་ལོར་ས་གནས་སུ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔས་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུའི་འཁྲུངས་དང་སྟབས་བསྟུན་ནས་བོད་ཀྱི་དུས་ཆེན་ཟེར་བའི་མཛད་སྒོ་ཞིག་ཉིན་གཉིས་རིང་འཚོགས་བཞིན་ཡོད་པ་དང་།  ཐེངས་འདིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རང་བཞུང་ནང་སྲིད་བཀའ་བློན་རྒྱ་རུ་སྒྲོལ་དང་ཀ་ཎ་ཌ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་ཤེས་རིག་བློན་ཆེན་གྱི་གཙོས་འབྲེལ་ཡོད་དཔོན་རིག་ཁག་གཅིག་དང་།   རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་དང་བོད་མིའ་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་བཅས་ཀྱི་བཙོས་ལྷོ་གཞིས་ཁག་ལྔའི་གནད་ཡོད་མི་སྣ་མཉམ་མཛོམས་ཐོག་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་ཉིན་འདིའི་སྔ་དྲོ་བོད་ལུགས་ཆོས་ཕྱོགས་ཀྱི་བསངས་གསོལ་དང་རླུང་རྟ་བསྒྲེངས་འཛུགས་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་ཀྱི་ལས་རིམ་གྲུབ་གྲུབ་རྗེས། ནང་སྲིད་བཀའ་བློན་གྱིས་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།
news_mundgod3ཐེངས་འདིའི་མཛད་སྒོའི་འགྲོ་གྲོན་ཧིན་སྒོར་འབུམ་བཞི་བཅུ་ཙམ་ཀ་ཎ་ཌ་ཀ་མངའ་སྡེ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གིས་སྤྱིན་བདག་གནང་ཡོད་པ་དང་།  ཉིན་གཉིས་ཀྱི་མཛད་སྒོའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་དང་ལྷ་བྲིས་སྐུ་ཐང་འདྲ་མིན་དང་།  ཤིང་བསྐོས་གཞན་ཡང་བོད་མིའི་སྐྱེ་ལྡན་སོ་ནམས་སོགས་གནའ་དེང་གི་བོད་པའི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་བྱེད་ཀྱི་ཡོད་པ་དང་།  དེ་བཞིན་དགོན་པ་ཁག་གི་འཆམ་དང་སློབ་གྲྭ་ཁག་གི་གཞས་སྣ་གཟུགས་འབུལ་སོགས་ཀྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་རེད།  ཉིན་འདིའི་ཕྱི་དྲོ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་གཟུགས་འབུལ་དང་གཞས་སྣ་འཁྲབ་སྟོན་བཅས་གོ་སྒྲིག་ཞུས་ཡོད་པ་དང་།  ཚེས་༧ ཉིན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་ སྲིད་སྐྱོང་བླ་བཟང་སེངྒེ་ཕེབས་ཀྱི་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པས།