རྒྱལ་ཁབ་གསུམ་མཉམ་འབྲེལ་གྱིས་བྱང་ཀོ་རི་ཡར་ཁ་གཏད་གཅོག་རྒྱུར་སྤྱི་མོས་བྱུང་།
ཝ་ཤིང་ཌོན་དུ་འཚོགས་བཞིན་པའི་རྡུལ་ཕྲན་བདེ་འཇགས་ལྷན་ཚོགས་སྐབས་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་ཀྱིས་བྱང་ཀོ་རི་ཡས་རྒྱུན་ཆད་མེད་པར་སྤེལ་བཞིན་པའི་འཇིགས་སྐུལ་གྱི་གནས་སྟངས་འོག རྒྱལ་ཁབ་གསུམ་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་འདུག
ཟླ་༣ ཚེས་༣༡ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཉི་ཧོང་གི་སྲིད་བློན་ཨ་བྷི་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕཱག་རྗི་ཧན་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་ཅིང་། སྲིད་འཛིན་ཨོ་བྷ་མས་རྒྱལ་ཁབ་གསུམ་གྱིས་མུ་མཐུད་མུ་མཐུད་དུ་མཉམ་འབྲེལ་གཏིང་ཟབ་བྱ་རྒྱུར་སྤྱི་མོས་བྱུང་ཡོད་སྐོར་བརྗོད།
ཨོ་བྷ་མས་བརྗོད་རྒྱུར། “ཚོགས་འདུ་ཐོག་ང་ཚོའི་བར་ཕྱོགས་གསུམ་གྱི་བདེ་འཇགས་མཉམ་འབྲེལ་སྐོར་གྱི་ཤར་བྱང་ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིང་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་གྱི་འཇིགས་སྐུལ་བཀག་འགོག་བྱ་ཐབས་སྐོར་སྤྱི་མོས་བྱུང་ཡོད་ཅིང་། དེ་བཞིན་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་བརྟེན་ནས་རྡུལ་ཕྲན་ཁ་འཐོར་གྱི་མཇུག་འབྲས་སྟེང་ནས་བཤད་ན། ངེས་པར་དུ་དགོས་ངེས་ཤིག་ཆགས་ཡོད། གཞན་ཡང་། ང་ཚོས་ད་དུང་ཚོགས་འདུའི་ཐོག་དེ་ལྟ་བུའི་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་ཐབས་སྐོར་གྲོས་བསྡུར་བྱས་པ་ཡིན།”
ཉི་ཧོང་གི་སྲིད་བློན་ཨ་བྷི་ཡིས་བརྗོད་རྒྱུར། “ཨི་རི་དང་ཉི་ཧོང་། དེ་བཞིན་ལྷོ་ཀོ་རི་ཡའི་ཕྱོགས་ནས་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་རྒྱུར་ཁས་ལེན་བྱས་པ་ནི། ཐེངས་འདིའི་ཚོགས་འདུ་ཡི་ཁེ་བཟང་ཞིག་ཡིན་པ་དང་། མཉམ་འབྲེལ་ཐོག་གནས་ཚུལ་དེའི་རིགས་ལ་གདོང་ལེན་བྱ་ཆེད། ང་ཚོས་ཕྱོགས་གསུམ་གྱི་མཉམ་འབྲེལ་ཤུགས་ཆེར་གཏོང་རྒྱུ་བསྐྱར་ནན་བྱས་ཡོད་ལ། དེ་ནི་ཐེངས་འདུའི་གྲོས་མོལ་གྱི་མཇུག་འབྲས་ཤིག་རེད།”
ལྷོ་ཀོ་རི་ཡའི་སྲིད་བློན་ཕཱག་རྗི་ཧན་(Park Geun-hye) གྱིས་བརྗོད་རྒྱུར། “འགོ་ཁྲིད་གསུམ་གྱིས་བྱང་ཀོ་རི་ཡའི་ཕྱོགས་ནས་རྡུལ་ཕྲན་གྱི་ནུས་ཤུགས་གོང་སྤེལ་གྱི་ལས་གཞི་ཇི་ལྟར་བཀག་འགོག་བྱ་ཐབས་སྐོར་གྲོས་བསྡུར་བྱས་པ་དང་། རྗེས་ཕྱོགས་ཀྱི་འགག་རྩ་ངོ་མ་དེ་བདེ་འཇགས་ལྷན་ཚོགས་ཀྱི་གྲོས་ཆོད་ཡོངས་སུ་ལག་བསྟར་དོན་འཁྱོལ་ཡོང་བར་བྱ་རྒྱུ་དེ་ཡིན་ཞིང་། བྱང་ཀོ་རི་ཡའི་ཕྱོགས་ལ་གལ་ཏེ་རྡུལ་ཕྲན་ལས་གཞི་མཚམས་འཇོག་མ་བྱས་ན། རང་ཉིད་ཀྱི་འཚོ་གནས་ལ་ཁག་ཐེག་བྱ་ཐབས་མེད་པའི་ངེས་ཤེས་རྙེད་སུ་འཇུག་དགོས།”
ཕྱི་ལོ་༢༠༡༦ ལོའི་རྡུལ་ཕྲན་བདེ་འཇགས་ལྷན་ཚོགས་དེ་ཚེས་༣༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་འགོ་འཛུགས་བྱས་ཡོད་ཅིང་། ཁྱོན་རྒྱལ་ཁབ་༥༠ ལྷག་གི་འགོ་ཁྲིད་གཙོས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་སྐུ་ཚབ་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡང་ཡོད་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།