༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དེ་རྒྱ་གཞུང་གི་ལམ་སྟོན་གཞིར་བཟུང་ངོས་འཛིན་བྱེད་དགོས་པར་བརྗོད་འདུག

མ་འོངས་པའི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་རྒྱ་བོད་གཉིས་བར་ཆབ་སྲིད་དང་ཆོས་ལུགས། རིག་གཞུང་སོགས་ཕྱོགས་གང་ཐད་ནས་གལ་གནད་ཆེན་པོ་ཆགས་རྒྱུ་ཡིན་པར་བརྟེན། ཉེ་སྔོན་༧གོང་ས་མཆོག་གིས་༧རྒྱལ་བའི་ཡང་སྲིད་རྒྱུན་མཐུད་ཕེབས་ངེས་ཡིན་པ་ཡོངས་བསྒྲགས་གནང་ཟིན་པ་དང་། ཡང་སྲིད་དེ་ཡང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གམ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་མེད་པའི་ས་ཆ་ཞིག་ལ་འཁྲུངས་རྒྱུ་ཡིན་པར་གསུངས་ཡོད། འོན་ཀྱང་དེ་རིང་རྒྱ་ནག་གིས་མ་འོངས་པའི་སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་གི་ལམ་སྟོན་གཞིར་བཟུང་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་དགོས་པ་ལས། ༧གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་བཞིན་ངོས་འཛིན་བྱེད་ཆོག་གི་མེད་པར་བརྗོད་འདུག
ཕྱི་ཚེས་༥ ཉིན་(Reuters)གསར་ཁང་གིས་གནས་ཚུལ་སྤེལ་དོན། དེ་རིང་རྒྱ་ནག་དམར་ཤོག་གཞུང་གིས་མ་འོངས་པའི་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་དགོས་པ་ལས། ༧གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་གཞིར་བཟུང་ངོས་
འཛིན་བྱས་ན་འགྲིག་གི་མ་རེད་ཅེས་བཤད་འདུག བོད་རང་སྐྱོང་ལྗོངས་ཟེར་བ་དེའི་རྒྱ་ནག་དམར་ཤོག་དྲུང་ཆེ་གཞོན་པ་ཀརྨ་ཚེ་བརྟན་ཟེར་བའི་དེ་ཡིས། དེ་རིང་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་འདུ་ཞེས་པ་དེའི་སྐབས་སུ་གསར་འགོད་པ་ལ། རྒྱ་ནག་དབུས་གཞུང་གི་ངོས་ནས་མ་འོངས་པར་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་དེ་ཆོས་ལུགས་ཀྱི་བྱེད་སྒོ་དང་། ལོ་རྒྱུས་གཞིར་བཟུང་ལག་བསྟར་ནན་པོ་བྱེད་པའི་ཐོག་ནས་སྐུའི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག
ཉེ་སྔོན་༧གོང་ས་མཆོག་གིས་༧རྒྱལ་བའི་ཡང་སྲིད་རྒྱུན་མཐུད་ཕེབས་ངེས་ཡིན་པ་ཡོངས་བསྒྲགས་གནང་ཟིན་ལ། ཡང་སྲིད་དེ་ཡང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གམ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་མེད་པའི་ས་ཆ་ཞིག་ལ་འཁྲུངས་རྒྱུ་ཡིན་པར་གསུངས་པ་དང་། རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱེད་ཆོག་གི་མེད་པར་གསུངས་ཡོད་ཀྱང་། དེ་རིང་རྒྱ་ནག་གིས་མ་འོངས་པའི་སྐུའི་ཡང་སྲིད་དེ་རྒྱ་ནག་གཞུང་གི་ལམ་སྟོན་གཞིར་བཟུང་ངོས་འཛིན་བྱེད་དགོས་པ་ལས། ༧གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་བཞིན་ངོས་འཛིན་བྱེད་ཆོག་གི་མེད་པར་བརྗོད་འདུག
དེ་བཞིན་༧གོང་ས་མཆོག་སྐུ་དངོས་ཀྱིས་ཡང་སྲིད་ངོས་འཛིན་གནང་བའི་༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ད་ཆར་ལོ་༣༠ འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུ་ཟེར་དེ་༧པཎ་ཆེན་སྐུ་ཕྲེང་༡༡ པ་ཡིན་ཚུལ་རྗོད་ཀྱི་ཡོད་ཅིང་། མ་འོངས་པར་རྒྱལ་མཚན་ནོར་བུ་ཟེར་བ་དེས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ཡིན་པ་ཕྱོགས་ཡོངས་ཀྱི་གནས་ཚུལ་མང་པོ་ཞིག་ལས་ཤེས་རྟོགས་ཡོང་གི་ཡོད་པ་བཞིན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དེ་པཎ་ཆེན་སྐུ་ཕྲེང་༡༡ པ་རྒྱལ་མཚན་ནོར་བུ་ཡིས། སྔར་བོད་ཀྱི་ལོ་རྒྱུས་ཁྲོད་རྒྱལ་བ་ཡབ་སྲས་གཉིས་ཀྱིས་ཡང་སྲིད་ཕན་ཚུན་ངོས་འཛིན་རེས་གནང་སྲོལ་ཡོད་པ་བཞིན། མ་འོངས་པར་ཡང་དེ་ལྟར་བྱེད་དགོས་ཀྱི་ཡོད་ཚུལ་རྗོད་ཀྱི་ཡོད།
དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། འདས་པའི་ལོ་དང་མི་འདྲ་བར། འདི་ལོར་རྒྱལ་མཚན་ནོར་བུ་བོད་ཀྱི་ས་ཆ་འདྲ་མིན་ལ་ཕྱིན་ནས་༧པཎ་ཆེན་སྐུ་ཕྲེང་༡༡ པ་ཡིན་ཁུལ་གྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དང་ལྷན་དུ། ཆོས་ཕྱོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་མཐོང་རྒྱུ་འདུག་ལ། དེ་བཞིན་རྒྱལ་མཚན་ནོར་བུ་ས་ཁུལ་སོ་སོར་ཡོང་དུས། རྒྱ་གཞུང་གིས་ས་ཁུལ་དེའི་བོད་མི་ཚོར་རྒྱལ་མཚན་ནོར་བུའི་ཕེབས་བསུར་ཡོང་དགོས་པའི་བཙན་བཀའ་གཏོང་གི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།