༧གོང་ས་མཆོག་གིས་ཆུ་ལོག་གི་འཇིགས་པས་མནར་བའི་བྷི་ཧཱར་མངའ་སྡེར་ཐུགས་གསོའི་གསུང་འཕྲིན་བསྩལ།
ཉེ་ལམ་ཆར་ཞོད་ཀྱི་རྐྱེན་པས་རྒྱ་གར་གྱི་ས་ཁུལ་མང་པོར་ཆུ་ལོག་དང་ས་རུད་སོགས་རང་བྱུང་གོད་ཆག་མང་པོ་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེན་འཕོག་བཞིན་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་བྷི་ཧཱར་ནང་ལ་ཆུ་ལོག་གི་གོད་ཆག་ཆེན་པོ་བྱུང་ནས་མི་མང་རྣམས་ལ་དཀའ་སྡུག་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་སྟབས། ༸གོང་ས་མཆོག་གིས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་(Shri Nitish Kumar) ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ནས་རྐྱེན་ལམ་དུ་ཕྱིན་པ་ཚོའི་ཤུལ་ལུས་ནང་མི་སྤུན་མཆེད་དག་ལ་གདུང་སེམས་མཉམ་སྐྱེད་མཛད་འདུག
དེ་ཡང་ཟླ་འདིའི་ཚེས་༡༡ རེས་གཟའ་མིག་དམར་ཉིན་བསྩལ་བའི་གསུང་འཕྲིན་དེའི་ནང་འཁོད་དོན། “རང་བྱུང་གི་གནོད་འཚེ་ཕོག་པའི་མི་རྣམས་ལ་མངའ་སྡེ་གཞུང་གིས་ཛ་དྲག་ངལ་སེལ་རོགས་སྐྱོར་ལས་གཞི་ཚགས་ཚུད་སྤེལ་བཞིན་ཡོད་པར་ངོས་ནས་ཡི་རངས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། མངའ་སྡེའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བ་མཚོན་བྱེད་དུ། ངོས་ཀྱིས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པར་ངལ་སེལ་ལས་གཞི་ལ་ཞལ་འདེབས་འབུལ་བའི་མངག་ཆ་བྱས་ཡོད།”
གཞན་ཡང་། གསུང་འཕྲིན་དེའི་ནང་༧གོང་ས་མཆོག་གིས་བྷི་ཧཱར་མངའ་སྡེའི་ནང་རང་བྱུང་གི་གོད་ཆག་འདི་ལྟ་བུ་ལོ་ནས་ལོ་ལ་འབྱུང་བཞིན་ཡོད་པར་བརྟེན། དཀའ་ངང་འདི་ཕུགས་རྒྱང་རིང་པོའི་ཐོག་ནས་སེལ་བའི་ཐབས་ལམ་ཞིག་འཚོལ་རྒྱུ་གལ་འགངས་ཆེ་སྐོར་ཡང་བསྣན་འདུག
རེས་གཟའ་མིག་དམར་གྱི་གྲངས་ཐོར་གཞིགས་ན། རྒྱ་གར་བྱང་ཕྱོགས་མངའ་སྡེ་བྷི་ཧཱར་དུ་ཆར་ཞོད་དྲག་པོས་བསླངས་པའི་ཆུ་ལོག་གིས་མི་ ༢༣ གྱི་ཚེ་སྲོག་ཤོར་བ་མ་ཟད། མི་མང་འབུམ་༧༤ ཙམ་ལ་གནོད་འཚེ་ཕོག་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།