༧གོང་ས་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཉིས་མཇལ་འཕྲད།
ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན། དགའ་ལྡན་ཕོ་བྲང་ནང་དུ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་ Sri Jai Ram Thakur ཕེབས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་། ༧གོང་ས་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་བཀྲ་ཤིས་རྟགས་བརྒྱད་འཁོད་པའི་དངོས་པོ་ཞིག་ཕྱག་རྟགས་སུ་གནང་ཡོད་པ་རེད།
དེ་ཡང་མཇལ་འཕྲད་ཐོག་བཀའ་མོལ་གནང་སྐབས་༧གོང་ས་མཆོག་གིས། ཁོར་ཡུག་དང་འཐུང་ཆུའི་དཀའ་ངལ་རིགས་སེལ་ཐབས་སུ་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་དགོས་སྐོར་དང་། རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་ལེགས་བཤད་རྣམས་ཧ་ཅང་གལ་ཆེན་པོ་ཡིན་པས་བདག་གཅེས་བྱ་རྒྱུའི་ཐོག་འབད་བརྩོན་གནང་རྒྱུ་གལ་ཆེ་སྐོར་དང་། ལེགས་བཤད་དེ་དག་མིའི་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པར་བརྟེན་ཁོང་ཉིད་ཀྱིས་ཀྱང་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ལེགས་བཤད་དེ་དག་ལ་གཞི་བཅོལ་བའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་མཛད་བཞིན་ཡོད་སྐོར་གསུངས་ཡོད་འདུག
དེ་བཞིན་༧གོང་ས་མཆོག་གིས། རྒྱ་གར་འཕགས་པའི་ཡུལ་དུ་འཛམ་གླིང་ནང་གི་ཆོས་བརྒྱུད་གཙོ་ཆེ་བ་ཕལ་ཆེར་ཚང་མ་ཡོད་པ་ལས། གྲངས་ཅན་པ་དང་། གཅེར་བུ་པ། ནང་པ་སངས་རྒྱས་པའི་ཆོས་སོགས་ཆོས་བརྒྱུད་མང་པོ་ཞིག་རྒྱ་གར་འཕགས་པའི་ཡུལ་ནས་གསར་དུ་བྱུང་བའི་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་ཤིག་ཡིན་པ་དང་། པར་སི་དང་། ཇུའུ། ཡེ་ཤུ། ཁ་ཆེ་སོགས་ཕྱི་ནས་བྱུང་བ་ཞིག་ཡིན་ཡང་། རྒྱ་གར་ནང་ཆོས་བརྒྱུད་ཚང་མ་མཉམ་གནས་བྱས་ཡོད་པ། འཛམ་གླིང་གི་ཆོས་ལུགས་ཚང་མ་རྒྱལ་ཁབ་གཅིག་གི་ནང་ཡོད་སྟབས་ཕན་ཚུན་རྙོག་གྲ་རེ་ཟུང་ཡོང་གི་ཡོད་པ་བཞིན་ཡོང་སྲིད་པ་ཞིག་ཡིན་ཡང་། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ནི་ཆོས་ལུགས་གཅིག་གིས་གཅིག་ལ་བརྩི་བཀུར་བྱས་ནས་འགྲོ་རྒྱུའི་ཐོག་འཛམ་གླིང་འདིའི་སྟེང་གི་མིག་དཔེ་ལྟ་བུར་ཆགས་ཡོད་སྐོར་བཅས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་སྤེལ་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།