༧གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་གནང་རྒྱུ་རེད་འདུག
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནས་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་ནས་མངའ་སྡེ་དེར་ཉིན་གྲངས་ལྔའི་རིང་ཆིབས་བསྒྱུར་བསྐྱང་གནང་རྒྱུར་ཞལ་བཞེས་གནང་ཡོད་པ་རེད་འདུག
ཟླ་༩ པའི་ཚེས་༡༤ ཉིན་འབྲས་ལྗོངས་མངའ་སྡེའི་ཆོས་ཕྱོགས་བློན་ཆེན་བསོད་ནམས་བླ་མ་གཙོས་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་སར་ཆེད་ཕེབས་ཀྱིས། ༧གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་འདུག་པ་དང་། སྐབས་དེར་ཆོས་ཕྱོགས་བློན་ཆེན་གྱིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པཱི་ཨེསི་ཏ་མང་གི་བཀོད་མངགས་ལྟར་༧གོང་ས་མཆོག་ལ་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་གསོལ་འདེབས་བྱས་འདུག་པ་དང་། ༧གོང་ས་མཆོག་ནས་མངའ་སྡེ་དེ་ནི་ཁོང་གི་ཐུགས་ཉེ་བོ་ཡོད་པའི་མངའ་སྡེ་ཞིག་ཡིན་སྐོར་གསུངས་ནས་ཆིབས་བསྒྱུར་བསྐྱང་རྒྱུར་ཞལ་བཞེས་གནང་ཡོད་པ་རེད་འདུག
དེ་ཡང་༧གོང་ས་མཆོག་ཟླ་༡༠ པའི་ཚེས་༢༨ ནས་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་ནས་ཉིན་གྲངས་༥ ཡི་རིང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་བསྐྱང་གནང་རྒྱུ་ཡིན་འདུག
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ། ཕྲན་གྱིས་འབྲས་ལྗོངས་མི་མང་ཡོང་གི་ཚབ་ཞུས་ཏེ་མངའ་སྡེའི་ཆོས་ཕྱོགས་བློན་ཆེན་ཆེད་མངགས་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་མཆོག་ལ་མཇལ་ཁ་དང་མགོན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་འབྲས་ལྗོངས་སུ་ཞབས་སོར་བཀའ་དྲིན་བསྐྱང་རྒྱུའི་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན། མགོན་པོ་མཆོག་ནས་ཀྱང་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱང་གནང་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པས། ང་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། མགོན་པོ་མཆོག་འདི་གར་མངའ་སྡེའི་ནང་སྐུ་དངོས་སུ་ཞབས་སོར་འཁོད་པ་ཙམ་གྱིས་དད་ལྡན་མི་མང་ཡོངས་ལ་བྱིན་རླབས་ཞུ་རྒྱུའི་དམིགས་བསལ་གྱི་གོ་སྐབས་ཤིག་རེད་ཅེས་གསུངས་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ད་བར་༧གོང་ས་མཆོག་ནས་འབྲས་ལྗོངས་སུ་ཆིབས་བསྒྱུར་ཐེངས་ལྔ་བསྐྱངས་གནང་ཡོད་འདུག་པ་དང་། ཆིབས་བསྒྱུར་མཐའ་མ་དེ་ཕྱི་ལོ་༢༠༡༠ ལོར་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།