༧གོང་ས་མཆོག་ལ་མཚན་སྨད་སྔོན་མ་ཞུས་མ་མྱོང་ལ་མ་འོངས་པར་ཡང་མི་ཞུ་བའི་དམ་བཅའ་ཕུལ་འདུག
དགེ་ལུགས་སྤྱི་འཐུས་རྣམ་གཉིས་ཀྱིས་མཆོག་གསུམ་དཔང་དུ་བཙུགས་ཏེ། དུས་ད་ལྟ་བར་དུ་དྲིན་ཆེན་རྩ་བའི་བླ་མ་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཚིག་གཅིག་ཀྱང་ཞུས་མ་མྱོང་ལ། མ་འོངས་པར་ཡང་འཆི་བ་སྲོག་ལ་ཐུག་ཀྱང་མཚན་སྨད་མི་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུས་འདུག

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༠ ཉིན། དཔལ་ལྡན་འབྲས་སྤུངས་བླ་སྤྱི་ནས་བཀའ་ཡིག་ཕེབས་དོན་ལྟར། རི་བོ་དགེ་ལུགས་པའི་སྤྱི་འཐུས་རྣམ་གཉིས་འབྲས་སྤུངས་སུ་ཕེབས་ནས་དམ་བཅའ་ཞུས་འདུག འབྲས་སྤུངས་ལྷ་མོ་ཁང་དུ་དམ་བཅའ་ཅི་ཞིག་ཕུལ་ཡོད་པའི་སྐོར་སྤྱི་འཐུས་རྣམ་གཉིས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་པའི་ནང་། བདག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ཞེས་བགྱི་བས། མཆོག་གསུམ་དཔང་དུ་བཙུགས་ཏེ། དུས་ད་ལྟ་བར་དུ་དྲིན་ཆེན་རྩ་བའི་བླ་མ་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཚིག་གཅིག་ཀྱང་ཞུ་མ་མྱོང་ལ། མ་འོངས་པར་ཡང་འཆི་བ་སྲོག་ལ་ཐུག་ཀྱང་མཚན་སྨད་མི་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་ཞེས་དང་། དེ་མིན་ཉེ་ལམ་ཕྱི་ཟླ་༡༢ ཚེས་༢༧ ཉིན་སྩལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་ཡིན་ཞེས་བཀོད་འདུག
སྤྱི་འཐུས་རྣམ་གཉིས་ཀྱིས་དམ་བཅའ་གཙང་མ་ཞུས་པའི་རྗེས། ཉེ་ཆར་གནས་ཆུང་གི་བཀའ་ལུང་དང་འབྲེལ་འབྲས་སྤུངས་བླ་སྤྱིའི་ཐག་གཅོད་དང་། ལྷག་པར་དུ་གནས་ཆུང་གྲྭ་ཚང་གི་དགེ་བཤེས་རྡོ་རྗེའི་འགྲེལ་ལོག་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་དང་། རི་བོ་དགེ་ལུགས་པའི་སྤྱི་འཐུས་རྣམ་གཉིས་ལ་བདེན་པའི་རྒྱབ་སྐྱོར་མཚོན་ཆེད། འབྲས་སྤུངས་དང་དགའ་ལྡན། དེ་བཞིན་འཇང་དགུན་ཆོས་སུ་ཕེབས་མཁན་གྱི་གྲྭ་པ་སོགས། ཁྱོན་ཆིག་སྟོང་ཙམ་གྱིས་ཁོང་རྣམ་གཉིས་ལ་ཁ་བཏགས་དཀར་པོས་ཕེབས་བསུ་ཟབ་རྒྱས་ཞུས་འདུག
གྲྭ་མང་གི་སྤྱི་འཐུས་རྣམ་པ་གཉིས་ཕེབས་བསུ་དང་འབྲེལ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་ཟུར་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་གིས་བོད་ཀྱི་རླུང་འཕྲིན་ལ། སྤྱི་འཐུས་རྣམ་པ་གཉིས་ཀྱི་འབྲས་སྤུངས་བླ་སྤྱིའི་བཀའ་ཡིག་བཞིན་བསྒྲུབས་པར་ལེགས་གསོལ་ཞུ་རྒྱུ་དེ་དགོན་པ་གྲྭ་ཚང་གི་འགྲོ་སྟངས་རེད་ཅེས་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་བླ་སྤྱིའི་ཉེས་ཆད་ལེགས་པ་བསྒྲུབས་པར་ལེགས་གསོལ་དུ་གྲྭ་མང་གིས་ཁ་བཏགས་ཕུལ་ཡོད་པ་ནི་གནང་འོས་པ་ཡིན་རབས་སོགས་གསུངས་སོང་།
ཡིན་ཡང་། སྤྱི་ཚོགས་ནང་སྤྱི་འཐུས་རྣམ་གཉིས་ལ་ཁ་དར་ཕུལ་བ་ནི། ཁོང་གཉིས་ལ་བདེན་པའི་རྒྱབ་ལངས་བྱས་པ་ལས། ཉེས་ཆད་ཁས་ལེན་ཞུས་པར་ལེགས་གསོལ་ཞུས་པ་ཞིག་མིན་པའི་གནས་ཚུལ་འཐོན་བཞིན་པར་བརྟེན། འདི་གར་གསར་འགོད་པས་ཁ་པར་བརྒྱུད་སྤྱི་འཐུས་རྣམ་པ་གཉིས་ལ་ཁ་བཏགས་འབུལ་མཁན་ཞིག་ལ་བཀའ་འདྲི་ཞུས་པར། ཁོང་གིས་ད་བར་འབྲས་སྤུངས་བླ་སྤྱིས་ཐག་གཅོད་འོག་འགྱོད་བཤགས་བྱེད་དགོས་འབྱུང་མཁན་བྱུང་མྱོང་མེད་པ་མ་ཟད། དེ་འདྲའི་འགྱོད་བཤགས་བྱས་པར་གྲྭ་མང་གིས་དགའ་བསུའི་ཁ་བཏགས་ཕུལ་པའི་ལུགས་སྲོལ་ཞིག་ཡོད་རེད་གསུངས་ཡོད་ན། དེ་ནི་ལོག་བཤད་དང་ལོག་འགྲེལ་རེད་ཅེས་དང་། ཁ་སང་ཞོགས་པ་གྲྭ་མང་སྟོང་ཕྲག་གཅིག་ལྷག་ཙམ་ཕེབས་འདུག ཁོང་རྣམས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ལ་ཁ་དར་ཕུལ་ནས་ཕེབས་བསུ་ཞུས་པ་ནི། ཉེ་ཆར་གནས་ཆུང་གི་བཀའ་ལུང་དང་འབྲེལ་བའི་འབྲས་སྤུངས་བླ་སྤྱིའི་ཐག་གཅོད་དང་། ལྷག་པར་དུ་གནས་ཆུང་གྲྭ་ཚང་གི་དགེ་བཤེས་རྡོ་རྗེའི་འགྲེལ་ལོག་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་དང་། སྤྱི་འཐུས་རྣམ་གཉིས་ཀྱི་དྲང་བདེན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཁ་དར་ཕུལ་པ་རེད་ཅེས་དང་། རྩ་བས་སྤྱི་འཐུས་རྣམ་གཉིས་ཐོག་མ་གནམ་ཐང་དུ་ཕེབས་འབྱོར་སྐབས། ཁོང་གཉིས་ལ་རྒྱབ་སྐྱོར་མཚོན་ཆེད་ཕེབས་བསུ་ལ་བཅར་འདོད་ཡོད་མཁན་གྲྭ་པ་ཧ་ཅང་མང་ཡང་། སྤྱི་འཐུས་རྣམ་གཉིས་ཀྱིས་བཀག་འགོག་ལ་བརྟེན་ནས་ཕེབས་ཡོད་མ་རེད་ཅེས་གསུངས་སོང་།

གཞན་ཡང་འབྲས་སྤུངས་བླ་སྤྱིས་དགེ་ལུགས་པའི་སྤྱི་འཐུས་གཉིས་འགྱོད་བཤགས་བྱེད་དུ་ཕེབས་དགོས་པའི་བཀའ་ཡིག་ཕུལ་ཡོད་པར་བརྟེན། འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་པའི་སྤྱི་འཐུས་གཉིས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ག་དུས་ཇི་ལྟར་ཞུས་ཡོད་པ་དང་། སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ག་དུས་བྱས་མིན་གསལ་བཤད་ཡོང་ཆེད། སྒོ་མང་མཁན་པོ་དགེ་བཤེས་འཇིགས་མེད་རྒྱ་མཚོ་དང་མཁན་ཟུར་བློ་བཟང་བསམ་གཏན་སོགས་ལ་ཁ་པར་བརྒྱུད་འབྲེལ་བ་ཐེངས་མང་ཞུས་ཀྱང་ཁ་པར་ལ་ཡ་ལན་བྱས་མ་སོང་།
རྩ་བས་ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༧ ཉིན། དཔལ་ལྡན་འབྲས་སྤུངས་བླ་སྤྱི་ཡིས་གཞུང་བསྟེན་དགྲ་ལྷའི་གཅོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་པའི་བཀའ་ལུང་དུ། རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང་། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང་། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིས་པ་འདི་ནི་སྐྱེ་བོ་ཀུན་གྱི་མིག་གི་མཐོང་བ་དེ་ཡིན་ལ་ཞེས་པར། འབྲས་སྤུངས་བླ་སྤྱིས་བཀའ་ལུང་ནང་གི་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ཞེས་པ་ནི་རི་བོ་དགེ་ལུགས་པའི་སྤྱི་འཐུས་གཉིས་ལ་ངོས་འཛིན་བྱས་ཤིང་། འབྲས་སྤུངས་བླ་སྤྱིས་ཕྱི་ལོ་༢༠༢༦ ཟླ་༡་ཚེས་༩ ཉིན། སྤྱི་འཐུས་རྣམ་གཉིས་ཕྱི་ལོ་༢༠༢༦ ཟླ་༡་ཚེས་༡༩ ནང་ཚུན་གྲྭ་སར་འབྱོར་བ་བྱས་ཏེ། བོད་ཚེས་གཉིས་ཏེ་གནས་ཆུང་ཆོས་རྒྱལ་ཆེན་པོའི་ལྷ་ཚེས་དགེ་བའི་ཉིན་གྱི་ཞོགས་པའི་ལྷ་ཚེས་ཀྱི་སྐབས་དང་བསྟུན་ནས། འབྲས་སྤུངས་ཚོགས་ཆེན་དུ་༧རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེའི་སྤྱན་སྔར་མཇལ་དར་སྒྲོན་འབུལ་དང་། འབྲས་སྤུངས་ལྷ་མོ་ཁང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང་། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་འཇོག་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་ཅེས་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་དཔལ་ལྡན་འབྲས་དཀར་སྤུངས་པའི་ངོས་ནས་རི་བོ་དགེ་ལུགས་པའི་མགྲིན་ཚབ་ཏུ་ངོས་ལེན་ཞུ་ཐབས་མེད། གྲྭ་ཚང་གཉིས་ནས་ཀྱང་ཐག་གཅོད་ནན་པོ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་ཅེས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
སྤྱིར་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འགྲོ་བཞིན་པའི་མཚམས་སུ། འབྲས་སྤུངས་བླ་སྤྱིས་དཔང་རྟགས་གང་ཡང་མེད་པའི་ཐོག་དགེ་ལུགས་པའི་སྤྱི་འཐུས་རྣམ་གཉིས་གདན་སར་འགྱོད་བཤགས་བྱེད་དུ་ཕེབས་དགོས་པའི་བཀའ་ཡིག་ཕུལ་བ་སོགས་ནི། དབུས་འོས་བསྡུ་ལས་ཁང་གི་སྒྲིག་གཞི་དང་འགལ་བའི་དོགས་པ་ཆེ་ཡང་། འོས་བསྡུ་ལས་ཁང་ནས་ད་བར་དེའི་ཐོག་གསལ་བཤད་ལན་འདེགས་གང་ཡང་བྱས་མེད།
སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༢༦ ཟླ་༡་ཚེས་༩ ཉིན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་མཁན་རིན་པོ་ཆེ་རྣམས་ལ་དེ་སྔར་གྲོས་ཆོད་གང་བཞག་པ་རྣམས་ཕྱག་ལེན་ཡོང་བའི་ཡི་གེ་ཞིག་ཕུལ་འདུག ལྷག་པར་དུ་ཕྱི་ལོ་༢༠༢༠ ལོར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུའི་ཐོག་གྲོས་གཞི་དོན་ཚན་དགུ་ཅན་ཞིག་བཞག་པའི་ནང་། གདན་ས་དང་བཤད་གྲྭ་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པས་དབུས་དགེ་བསྐོས་དང་། དབུ་མཛད། ཕྱག་མཛོད། ཁང་ཚན་དགེ་རྒན་སོགས་དགོན་པའི་འཛིན་སྐྱོང་དང་འབྲེལ་བའི་འགན་ཡོད་ལས་སྣེ་ཁག་དང་། གཞན་ཡང་སྡོམ་ལྡན་དགེ་འདུན་པ་སུ་ཞིག་གིས་ཀྱང་སྤྱི་ཚོགས་དྲ་ལམ་འདྲ་མིན་གྱིས་མཚོན། ཡིག་ངག་གཉིས་ཐོག་ནས་ཆབ་སྲིད་མི་སྣ་བྱེ་བྲག་པའམ་སྐྱེ་བོ་གཞན་སུ་ལའང་ཡ་རབས་སྤྱོད་བཟང་བྲལ་བའི་ཆགས་སྡང་ཕྱོགས་རིས་འཐེན་འཁྱེར་གྱི་གཏམ་བཤད་དང་འབྲེལ། ཆབ་སྲིད་མི་སྣ་བྱེ་བྲག་པ་གང་ཞིག་ལ་ཁེ་ཕན་འབྱུང་ཐབས་ཕྱོགས་འཛིན་རྒྱབ་སྐྱོར་དང་། གཞན་ལ་གྱོང་གུད་འབྱུང་ཐབས་ཁ་གཏད་དང་གནོད་འཚེ་བྱ་འདོད་དང་འབྲེལ་སྒྲོ་བཏགས་ངོ་བསྟོད་བྱ་བ་འམ། སྐུར་འདེབས་ཚིག་མཚོན་སྣ་ཚོགས་འདེབས་བའི་རིགས་རྩ་་བ་ནས་མི་ཆོག་ཅེས་གསལ་འདུག གལ་སྲིད་འབྲས་སྤུངས་བླ་སྤྱིའི་ཐག་གཅོད་དེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ཡོད་ཚེ། གྲོས་ཆོད་ལ་འགྱུར་བ་ཞིག་གཏོང་དགོས་ངེས་ཀྱང་། དེ་ལྟ་མ་བྱས་ན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་རྩིས་མེད་བཏང་བ་ཞིག་ཀྱང་ཆགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
