༸རྒྱལ་བའི་ཡང་སྲིད་སྐོར་དེ་ངོས་ལས་རྒྱ་ནག་གཞུང་ལ་དོ་སྣང་ཆེ་བ་ཡོད་པ་ལྟ་བུ་འདུག
ཟླ་འདིའི་ཚེས་༨ ཉིན་༸གོང་ས་མཆོག་ཉི་ཧོང་དུ་༸ཞབས་སོར་འཁོད་སྐབས། ཉི་ཧོང་གྲོང་ཁྱེར་ཊོག་ཀྱོ་གནམ་ཐང་དུ་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་དང་ཉི་ཧོང་འབྲེལ་ཡོད་ལས་བྱེད་པ་ཁག་གཅིག དེ་བཞིན་སྐུ་ཚབ་དོན་གཅོད་ལུང་རྟོགས་ཀྱིས་གཙོས་ས་གནས་བོད་རིགས་དང་ཧི་མཱ་ལ་ཡི་མི་རིགས། དེ་བཞིན་ཉི་ཧོང་དད་ལྡན་མང་ཚོགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

ཕྱི་ཚེས་༡༠ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་མགོན་པོ་གང་ཉིད་ཀྱིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་གནང་གི་ཡོད་པ་རེད།
ཟླ་འདིའི་ཚེས་༩ ཉིན་༸གོང་ས་མཆོག་ལ་ཉི་ཧོང་གི་བརྙན་འཕྲིན་གསར་འགྱུར་ཚན་པ་གྲགས་ཅན་ཨེན་ཨེ་ཆེ་ཀེ་NHK ཞེས་པའི་གསར་འགོད་པས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ།
༸གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་ལ་བཀའ་ཡང་སྲིད་སྐོར་བཀའ་འདྲི་ཞུས་པར། ཁོང་གིས། དེ་ངོས་ཀྱིས་ཕྱི་ལོ་༡༩༦༩ ནས་ཏཱ་ལའི་བླ་མའི་བླ་བྲང་དེ་མུ་མཐུད་ནས་གནས་དང་མ་གནས་ཟེར་བ་དེ་བོད་མི་མང་གིས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་བརྗོད་པ་ཡིན། འོན་ཀྱང་དེང་སྐབས་༸རྒྱལ་བའི་ཡང་སྲིད་སྐོར་དེ་ངོས་ལས་རྒྱ་ནག་གཞུང་ལ་དོ་སྣང་ཆེ་བ་ཡོད་པ་ལྟ་བུ་འདུག ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་ལན་སྩལ་དོན། དེར་ངོས་རང་ཡ་མཚན་སྐྱེ་བཞིན་འདུག གང་ཡིན་བརྗོད་ན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཐེ་བྱུས་བྱེད་རྒྱུ་དེ་གཙོ་བོ་ཆབ་སྲིད་ཀྱི་དགོས་དབང་ཁོ་ན་ཡིན་པ་ལས་ཆོས་དད་རྩ་བ་ནས་མ་རེད། མན་ཇུ་གོང་མའི་སྐབས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་བྱུས་བྱས་པའི་གནས་སྟངས་བྱུང་བ་ནི་དེའི་ཚེ་དེའི་དུས་སུ་བོད་དང་མཆོད་ཡོན་གྱི་འབྲེལ་བའི་ཐོག་ནས་བསམ་ཤེས་བྱེད་ཐུབ་པའི་གནས་སྟངས་ཤིག་ཡོད། འོན་ཀྱང་དེང་སྐབས་རྒྱ་ནག་དམར་པོའི་རིང་ལུགས་ཀྱིས་ཆོས་མེད་སྨྲ་བ་ཡིན་ཟེར་བཞིན་ཡོད། དེར་བརྟེན་༸རྒྱལ་བའི་ཡང་སྲིད་སྐོར་ལ་བྱུས་གཏོགས་གང་ཡང་མེད། དེར་བརྟེན་ངོས་ཀྱིས་རྒྱུན་ལྡན་རྩེད་མོ་དང་སྦྲགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དང་ཐོག་མའོ་ཙེ་ཏུང་གི་ཡང་སྲིད་བཙལ་ནས་རིམ་བཞིན་དམར་པོའི་འགོ་ཁྲིད་གཞན་གྱི་ཡང་སྲིད་འཚོལ་རྗེས་གཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་བྱུས་གཏོགས་བྱས་ན་འོས་མཚམས་ཤིག་ཆགས་རྒྱུ་རེད་ཅེས་ཤོད་ཀྱི་ཡོད། སྤྱིར་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཟེར་བ་དེ་གང་ཟག་སྒེར་པ་གཅིག་ལ་རག་ལུས་མེད། སངས་རྒྱས་བཅོམ་ལྡན་འདས་དང་ན་ལེནྡྲའི་ལོ་པཎ་རྣམས་ཀྱི་དག་ཐེར་མཛད་པའི་བསྟན་པ་འདི་ཡང་སྲིད་ལམ་ལུགས་མེད་ནའང་བསྟན་པ་མུ་མཐུད་གནས་ཐུབ་པ་བྱུང་ཡོད། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་མཐིལ་ཕྱིན་པ་བྱས་ནས་རང་རྒྱུད་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བྱུང་བ་ཡིན་ན་བསྟན་པ་མ་ཉམས་པར་གནས་ཐུབ་རྒྱུ་རེད་”ཅེས་བཀའ་ལན་གནང་ཡོད་པ་རེད།

དཀའ་རྙོག་རྣམས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན་སྐོར་བཀའ་ལན་གནང་དོན། “ངོས་རང་ཇི་སྲིད་ནམ་འཚོའི་བར་འཚེ་མེད་ཞི་བའི་ཉམས་ལེན་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། གང་ཡིན་བརྗོད་ན་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བརྟེན་ནས་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་རྒྱུ་རེད། དེར་བརྟེན་འཛམ་གླིང་དབུ་ཁྲིད་རྣམ་པས་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་སེལ་ཐབས་གནང་རྒྱུར་ངོས་ཀྱིས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ལྟར་མིན་པར་འཛམ་གླིང་དབུ་ཁྲིད་རྣམ་པས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལྟ་བུར་རྒྱབ་སྐྱོར་མ་གནང་བར་དཀའ་ངལ་དང་རྩོད་རྙོག་རྣམས་འཚེ་བའི་ལམ་ནས་སེལ་ཐབས་བྱས་ཚེ། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་དཀའ་རྙོག་སེལ་ཐུབ་རྒྱུ་མ་རེད་སྙམ་པའི་བརྡ་ལན་ལོག་པ་ཞིག་མི་མང་ལ་སྤྲོད་ཉེན་ཡོད། སྤྱིར་སེམས་ནང་བདེ་སྐྱིད་ཡོང་བར་ཤེས་ཡོན་གྱིས་གྲོགས་བྱེད་ཐུབ་ཀྱང་དེང་སྐབས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོ་འཛུགས་སྐྲུན་ཡར་རྒྱས་ཇི་ལྟར་གཏོང་དགོས་པ་དེར་གཙིགས་ཆེར་འཛིན་པར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་མ་འདང་པའི་ཆ་ཞིག་ཡོད། དེར་བརྟེན་ཤེས་ཡོན་ལམ་ལུགས་དེ་ཕྱི་དངོས་པོ་རྐྱང་པ་གཙོ་བཟུང་མ་བྱས་པར་ནང་གཤིས་རྒྱུད་དང་འབྲེལ་བའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་བྱས་ཚེ་ཤེས་ཡོན་ལམ་ལུགས་ཆ་ཚང་བ་ཞིག་ཡོང་ཐུབ། དེའི་ཐོག་ནས་བྱིས་གསོ་ཁང་ནང་དུའང་བྱམས་བརྩེའི་ཉམས་ལེན་གལ་ཆེ་ཡིན་སྐོར་སློབ་གསོ་སྤྲད་ནས་རིམ་བཞིན་མཐོ་སློབ་མ་ཐོན་བར་ནང་གི་བསམ་བློ་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་སྐོར་ལ་སློབ་གསོ་སྤྲོད་དགོས། དེ་ནི་གཙོ་བོ་ཕྲུ་གུ་དེར་རིག་གསར་གྱི་ཤེས་ཡོན་རྐྱང་པ་ཙམ་མིན་པར་དེའི་ཁར་མི་བཟང་པོ་ཞིག་ཇི་འདྲ་བཟོ་དགོས་པ་དང་། དེ་ནས་གང་ཟག་སྒེར་ཡག་པོ་ཞིག་བྱུང་བ་ཡིན་ན་ཁྱིམ་ཚང་སྐྱིད་པ་ཞིག་ཡོང་ཐུབ། ཁྱིམ་ཚང་སྐྱིད་པ་ཞིག་བྱུང་ན་སྤྱི་ཚོགས་དང་དེ་ནས་རྒྱལ་ཁབ་སོགས་རིམ་བཞིན་འགྲོ་བ་མི་སྡེའི་སྤྱི་ཚོགས་ཁྱོན་ཡོངས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་བཟོ་ཐུབ་རྒྱུ་རེད་”ཅེས་བཀའ་ལན་བསྩལ།
དེ་རྗེས་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བཀའ་ལན་བསྩལ་དོན། “བོད་ཀྱི་གནད་དོན་སེལ་ཆེད་དངོས་ཡོད་གནས་ཚུལ་དང་འཚམས་པའི་ཐབས་ལམ་ཉག་གཅིག་དེ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡིན། སྲིད་བྱུས་འདི་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན། ངོས་ཀྱི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྣམ་པ་དེར་དངོས་གནས་ཡིད་སྨོན་སྐྱེ་བཞིན་འདུག རྒྱལ་ཁབ་ཚོས་སྒེར་གྱི་ཁེ་ཕན་ཆེད་རང་གི་བདག་དབང་བློས་གཏོང་བྱས་ནས་སྤྱི་པའི་སྒྲིག་འཛུགས་ཤིག་ནང་མཉམ་ཞུགས་བྱེད་བཞིན་ཡོད། དེང་སྐབས་གཅིག་ལ་གཅིག་རྟེན་དགོས་པའི་གོ་ལ་སྤྱི་ཡོངས་ཀྱི་གནས་སྟངས་འོག་རྒྱལ་ཁབ་སུ་ཡིན་རུང་གཞན་ལ་མ་བརྟེན་པར་རང་ཉིད་ཁེར་རྐྱང་འཚོ་ཐབས་བྲལ། བོད་ལ་མཚོན་ན་ས་ཆ་གཞི་ཡངས་ཤིང་རྒྱ་ཆེ་ལ་གཏེར་དངོས་ཐོན་སྐྱེད་ཕུན་སུམ་ཚོགས་པ་ཡོད། འོན་ཀྱང་དཔལ་འབྱོར་ཡར་རྒྱས་གཏོང་བར་རྒྱ་ནག་གི་རོགས་རམ་ལ་བརྟེན་དགོས་པ་ཆགས་ཡོད། ཉི་ཧོང་དང་འཇར་མན་ལྟ་བུར་མཚོན་ན་དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆའི་གོད་ཆགས་ཧ་ཅང་ཚབས་ཆེ་ཕོག་ཡོད་ཀྱང་། འཁོན་སེམས་མ་འཆང་པར་སྙིང་ལ་རུས་པ་བཅུག་ནས་དཀའ་ལས་བརྒྱབ་པའི་འབྲས་བུར་དེང་སྐབས་འཛམ་གླིང་ནང་ཡར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་ཆགས་ཐུབ་ཡོད། རླབས་ཆེན་རེད། ཕྱོགས་མཚུངས་བོད་མི་ཚོས་ཀྱང་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་བོད་མིའི་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་རང་སྐྱོང་གི་གནས་བབ་འོག་བདག་གཅེས་ཐུབ་པ་ཞིག་བྱུང་ན་ཕྱོགས་གཉིས་ཀར་བསམ་བློ་གཏོང་ས་ཞིག་ཡོད་”ཅེས་སོགས་བཀའ་ལན་བསྩལ། །