ཀུ་ལུ་མ་ན་ལིའི་ཕྱོགས་སུ་བོད་པའི་གཞིས་ཆགས་གཉིས་ལ་ཆུ་ལོག་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

རྒྱ་གར་གྱི་ས་ཆ་གང་སར་ཆར་པ་ཤུགས་ཆེན་བབས་ནས་ཁང་པ་ཞིག་པ་དང་ས་རུད་པ། རླངས་འཁོར་སོགས་ཆུ་ཡིས་ཁྱེར་པ་མ་ཟད་མི་མང་པོ་འདས་གྲོངས་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༨ ནས་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་དང་ལྷག་ཏུ་ཧི་མ་ཅལ་ཕྱོགས་སུ་ཆར་པ་ཤུགས་ཆེར་བབས་པའི་རྐྱེན་གྱིས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་བཟོ་བཞིན་འདུག་ལ། ཀུ་ལུ་མ་ན་ལིའི་རྒྱུགས་ཆུའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་པའི་གཞིས་ཆགས་ཁག་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་བརྙན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་མཐོང་བ་ལྟར་ན། དཀའ་ངལ་འདི་ནི་ད་ལོ་ཙམ་མིན་པར་ལོ་ལྟར་འཕྲད་བཞིན་ཡོད་འདུག་ཀྱང་ད་ལོར་ཆར་པ་སྔོན་ཆད་ལས་འབབ་ཤུགས་ཆེ་བ་ཡོད་འདུག་པས་ད་ལྟའི་གནས་སྟངས་ཛ་དྲག་ཡིན་འདུག ས་གནས་སུ་ད་ཆར་གློག་ཀྱང་མེད་པ་ཡིན་འདུག་པས་འདི་གས་གསར་ཁང་ནས་འབྲེལ་གཏུག་བྱེད་ས་ཁ་ཤས་ལ་ཐབས་ཤེས་བྱས་ཀྱང་། ད་བར་འབྲེལ་བ་མཐུད་ཐུབ་མ་སོང་། སྦུན་ཏར་ནས་གྲགས་པ་ཞུ་བ་ཞིག་གིས་གསུངས་དོན་ལ། ཁོ་རང་གི་ཚོང་ཁང་ཀ་ལ་ཐིའི་ཆུ་ཚན་དུ་ཡོད་ཀྱང་གཞུང་ལམ་ཆད་ནས་ཡར་མར་འགྲོ་མ་ཐུབ་པས་འདིར་ལྷག་ཡོད། ད་ལྟའི་ཆར་བོད་མིའི་གཞིས་ཆགས་ཡོད་སར་དཀའ་ངལ་དང་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་འདུག་ལ། གློག་མེད་པས་ཞིབ་ཕྲའི་གནས་ཚུལ་ཤེས་ཐབས་མི་འདུག་ཅེས་དང་། དེ་མིན་ཀ་ལ་ཐིའི་ཆུ་ཚན་ཉེ་འཁོར་དུ་རྒྱུགས་ཆུ་རྒྱས་ཏེ་ཆུའི་འགྲམ་གྱི་ཁང་པ་འགའ་ཆུས་ཁྱེར་ཡོད་པར་གསུངས་སོང་།

འདི་གའི་གསར་འགོད་པ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་མདུན་དུ་བཅར་ཏེ་ས་གནས་ཀྱི་ད་ལྟའི་གནས་སྟངས་དང་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཕྱག་རོགས་ག་རེ་གནང་ཐུབ་ཡོད་མེད་སོགས་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ལོ་འཆར་ཅན་འབུམ་སུམ་ཅུ་བཞི་བཅུས་ཆུ་རགས་བརྒྱབ་ཡོད་པ་དང་། ཁ་སང་ཆར་པ་ཤུགས་ཆེན་བབས་པར་བརྟེན་གཡུ་ལོ་བཀོད་གཞིས་ཆགས་དང་མེ་ལི་བཅོ་ལྔ་གཉིས་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད་པ་རེད། མེ་ལི་(15 mile )བཅོ་ལྔ་ནི་ས་གནས་འགོ་འཛིན་ཡོད་ས་ནས་ཆུ་ཚོད་གཅིག་ཙམ་འགྲོ་དགོས་པ་དང་། ས་གནས་འགན་འཛིན་ལོ་ན་རྒན་པ་དང་ལམ་ཆད་པ་བཅས་ལ་བརྟེན་ནས་གོམ་པ་བརྒྱབས་ཏེ་འགྲོ་དགོས་པས་སང་ཉིན་ཉིན་གུང་ཙམ་འབྱོར་གྱི་ཡོད་པ་རེད་ཅེས་དང་། ས་གནས་འགོ་འཛིན་གྱིས་ད་ལྟ་ཆུ་ཡོད་པའི་སྐབས་འཛིང་རགས་རྒྱག་ཐུབ་ཀྱི་མ་རེད་དེ། མི་མང་ཚོར་སྤྱི་ཐབ་གཅིག་བཙུགས་ནས་ཚང་མ་ལ་སློབ་གྲྭའི་ནང་ཞལ་ལག་བཏང་ཅིང་སློབ་གྲྭའི་ནང་སྡོད་ས་གྲ་སྒྲིག་བྱེད་རྒྱུ་ཡིན་པ་དང་། དེ་ལ་ནང་སྲིད་ལས་ཁུངས་ནས་རོགས་དངུལ་གནང་རོགས་ཞུས་པ་ལྟར་གནང་ཡ་བྱས་ཡོད་གསུངས་སོང་། ད་ལོ་འབུམ་སུམ་ཅུ་བཀའ་འཁྲོལ་ཞུས་ཏེ་ཆུ་རགས་བརྒྱབ་ཡ་ཡིན་ཡང་ཁོང་ཚོས་བརྒྱབས་ཚར་མ་སོང་བས། རྗེས་ལ་ཆར་ཐག་ཆད་ནའང་མ་གཏོགས་རགས་རྒྱག་ཐུབ་ཀྱི་མ་རེད་ཅེས་དང་། ད་གིན་ཚོགས་འདུ་ནས་ནང་སྲིད་ལས་བྱེད་རྒན་པ་ཞིག་ལྟ་ག་འགྲོ་ཡ་ཡིན་ཡང་། མན་ཌིའི་མ་སླེབས་ཙམ་ནས་ལམ་ལུག་སྟེ་འགྲོ་ས་མི་འདུག་གསུངས་སོང་། དེ་བཞིན་ཆུ་རགས་ཀྱི་ལས་འཆར་ཡོད་པ་ལྟར་རྗེས་ལ་ཆར་ཐག་ཆད་དེ་ཆུ་བྲི་སོང་ན་ཆུ་རགས་རྒྱག་རྒྱུ་རེད། དཀའ་ངལ་དེ་འབྱུང་བ་བཞིིའི་དཀའ་ངལ་ཡིིན་པས་ཚད་རྒྱག་ཐུབ་ཡ་དེ་འདྲ་གལ་ཡོད་མ་རེད་དེ། ནང་སྲིད་ལས་ཁུངས་ནས་དུས་ཐོག་ཞལ་ལག་གཏང་ཡ་དེ་ཚོ་ད་གིན་ཚོགས་འདུ་ཚོགས་ཏེ་ད་ལྟ་ས་གནས་འགོ་འཛིན་ལ་ཁ་པར་བཏང་ཡིན་ཏེ། ཁ་པར་འགྲོ་གི་མི་འདུག མིའི་བརྒྱུད་ནས་ལན་བསྐུར་ཏེ་ང་ཚོས་དངུལ་བསྐུར་ཡོང་དགོས་ཕྲུ་གུ་དང་རྒན་འཁོགས་ཚོ་རུག་རུག་བཟོས་ཏེ་ཁ་ལག་གཏོང་ཟེར་ལབ་ཡོད། ཆུ་མ་བྲི་བར་བཟའ་ཡ་བཏུང་ཡ་དགོས་པས་ཆུ་དང་ཁ་ལག་དེ་ཚོ་ནང་སྲིད་ལས་ཁུངས་ནས་གཏང་ཡ་བྱས་ཡིན་ཞེས་གསུངས་སོང་།

གཞན་ཡང་ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་གྱི་(Mint) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཞོགས་པ་སྔ་མོ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དང་དེའི་ཉེ་འདབས་ས་ཁུལ་ཁག་ཏུ་ཆར་པ་ཆེན་པོ་བབས་ཡོད་འདུག་ལ། རྒྱ་གར་གྱི་གནམ་གཤིས་རིག་པའི་སྡེ་ཁག་(IMD)  ་གིས་བརྗོད་གསལ་ལྟར་ན། མ་འོངས་ཉིན་གཉིས་ཀྱི་རིང་རྡི་ལི་གསར་པར་མུ་མཐུད་ཆར་པ་འབབ་རྒྱུ་དང་། ལྷག་པར་དུ་མ་འོངས་ཆུ་ཚོད་༤༨ ནང་ཧི་མ་ཅལ་མངའ་སྡེའི་རྫོང་ཁག་བདུན་ལ་དམར་རྟགས་སམ་ཉེན་ཁ་ཆེ་བའི་ཉེན་བརྡ་བཏང་ཡོད་འདུག དེ་བཞིན་རྫོང་ཁག་གསུམ་ལ་ཉེན་ཁ་ཅུང་ཆེ་བའི་ཉེན་བརྡ་བཏང་བ་ཙམ་མ་ཟད། ས་རུད་རྒྱུ་དང་ཆུ་ལོག་གི་ཉེན་བརྡ་ཡང་བཏང་ཡོད་འདུག

ཟླ་འདིའི་ཚེས་༡༠ ཞོགས་པ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་(Jagat Singh Negi) ཡིས་ཨེ་ནི་(ANI) ཞེས་པའི་གསར་ཁང་ལ་བརྗོད་གསལ་ལྟར་ན།  འདས་པའི་ཉིན་གསུམ་གྱི་རིང་ཧི་མ་ཅལ་མངའ་སྡེའི་ནང་སྔོན་ཆད་བྱུང་མ་མྱོང་བའི་ཆར་པ་ཤུགས་ཆེན་བབས་པར་བརྟེན། ལམ་ཁ་ཆད་པ་དང་ས་རུད་པ། འཐུང་ཆུ་ལ་དཀའ་ངལ་འཕྲད་པ། ཞིང་ལས་དང་འཛུགས་བསྐྲུན་གྱི་ལས་གཞི་སོགས་ལ་དོ་ཕོག་ཕྱིན་ཡོད་པ་མ་ཟད། འདས་པའི་ཉིན་གསུམ་ནང་སྡོད་ཁང་༢༥༠ ཙམ་ལོག་ཅིང་། མི་༩ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ར་ཇི་སི་ཐན་(Rajasthan) ་ལ་ཡང་བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པ་ནས་རེས་གཟའ་ཉི་མའི་དགོང་མོའི་བར་ཆར་པ་ཆད་མེད་བབས་པའི་དབང་གིས་མོ་ར་དྷ་བྷ་ཐི་(Morabadad) ་ཞེས་པའི་གྲོང་ཁྱེར་ལ་ཆུ་ཡིས་ཁེངས་ཡོད་པ་དང་མི་མང་གི་འཚོ་བ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

ཟླ་འདིའི་ཚེས་༡༠ ཉིན་(Business Today) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཉིན་ཁ་ཤས་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཧི་མ་ཅལ་མངའ་སྡེ། ར་ཇི་སི་ཐན་དང་ཨུ་ཏར་མངའ་སྡེ་(Uttar Pradesh) ། ཨུ་ཏར་ཁན་མངའ་སྡེ་བཅས་ཀྱི་ནང་ཆར་པ་བསྟུད་མར་བབས་པར་བརྟེན། ད་ལྟའི་ཆར་སློབ་མ་དང་དགེ་རྒན་སོགས་ཀྱི་བདེ་འཇགས་ཀྱི་ཆེད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སློབ་གྲྭ་ཁག་མང་པོ་ཞིག་སྒོ་བརྒྱབ་ཡོད་འདུག

དེ་བཞིན་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུཀ་བིནྡར་སིངྒ་སུག་ཀུ་(Thakur Sukhvinder Singh Sukhu) མཆོག་གིས་མ་འོངས་ཆུ་ཚོད་ཉེར་བཞི་ནང་ཆར་པ་ཤུགས་ཆེན་འབབ་རྒྱུའི་ཉེན་ཁ་ཆེ་བས་མི་རྣམས་ནང་དུ་བསྡད་རྒྱུ་ལ་འབོད་སྐུལ་ཞུས་ཡོད་འདུག་ལ། ཛ་དྲག་གི་དཀའ་ངལ་བྱུང་ཚེ། རོགས་སྐྱོར་ཁ་པར་ཨང་གྲངས་(1100 ་ཡང་ན། 1070 ་དང་1077) ་བཅས་གསུམ་ཞིག་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ཁོང་ཉིད་ལ་ཡང་ཆུ་ཚོད་༢༤ རིང་འབྲེལ་གཏུག་བྱེད་ཐུབ་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་སུ་ཡང་འདས་པའི་ཉིན་ཁ་ཤས་ཀྱི་རིང་ཆར་པ་བསྟུད་མར་བབས་རྗེས། ལ་དྭགས་གླེ་དང་སྐར་རྒེལ་(Kargil) རྫོང་ཁུལ་དུ་ནམ་དུས་དང་མ་འཚམས་པའི་གངས་ཀྱང་བབས་ཡོད་པ་མ་ཟད། གླེ་ཡི་(Kharyouk) ཞེས་པའི་ཁུལ་དུ་ཡོད་པའི་ལོ་ངོ་༤༥༠ ཡི་ལོ་རྒྱུས་ལྡན་པའི་ཁང་པ་ཞིག་ཀྱང་ཞིག་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།