ཁ་ཆེའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྲིད་འཛིན་ཊོམ་ལ་ཁ་གཏད་བཅག་འདུག

ཁ་ཆེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྐུ་ཚབ་ཚོས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཇུ་རུ་སི་ལམ་ས་གནས་དེ་ཨཱི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་པར་སྐྱོན་བརྗོད་དང་། ཁོང་ཚོས་ཤར་ཇུ་རུ་སི་ལམ་དེ་པེ་ལི་སེ་ཐན་གྱི་རྒྱལ་སར་ངོས་འཛིན་གྱི་ཁྱབ་བསྒྲགས་བྱས་ཏེ། ཊོམ་གྱི་ཐག་གཅོད་ལ་ཁ་གཏད་ཤུགས་ཆེན་བཅག་འདུག

ཟླ་༡༢ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཏུར་ཀིའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨི་སེ་ཏན་བྷོལ་ནང་དུ། ཁ་ཆེའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༧ ལྷན་འཛོམས་ཐོག སྲིད་འཛིན་ཊོམ་གྱིས་གནས་ཆེན་ཇུ་རུ་སི་ལམ་གྱི་གནས་བབ་དེ་འགྱུར་བ་གཏོང་ཆེད་དུ། ཕྱོགས་གཅིག་དང་ཉེན་ཚབས་ཆེ་བའི་གསལ་བསྒྲགས་བྱས་པར་སྐྱོན་བརྗོད་ཀྱིས། གསལ་བསྒྲགས་དེ་ནི་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་རྩིས་མེད་དང་། ཁྲིམས་ཐོག་ནས་རྩིས་མེད་ཡིན་པས། གསལ་བསྒྲགས་དེ་ལ་རྐྱེན་བྱས་པའི་མཇུག་འབྲས་ཚང་མ་ཨ་རི་ལ་འགན་ཡོད་པར་ངོས་འཛིན་བྱེད་རྒྱུ་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་ནས། འཛམ་གླིང་གི་རྒྱལ་ཁབ་ཚོས་ཤར་ཇུ་རུ་སི་ལམ་དེ་པེ་ལི་སེ་ཐན་གྱི་རྒྱལ་སར་ངོས་འཛིན་བྱེད་པའི་རེ་སྐུལ་བྱས་འདུག

དེ་ཡང་ཟླ་༡༢ པའི་ཚེས་༦ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས། དཀྱིལ་ཤར་ཡུལ་གྲུའི་ནང་རྩོད་རྙོག་ཆེ་ཤོས་དང་སེམས་ཚོར་རྣོ་ཤོས་ཀྱི་ཇུ་རུ་སི་ལམ་གྲོང་ཁྱེར་དེ། ཨཱི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་པའི་གསལ་བསྒྲགས་བྱས་ཏེ། ཨ་རིའི་གཞུང་ཚབ་དེ་གྲོང་ཁྱེར་དེར་གནས་སྤོ་བྱེད་པའི་བརྒྱུད་རིམ་འགོ་བཙུགས་དགོས་པའི་བཀའ་བཏང་ཡོད་པ་རེད་པས། ཁ་ཆེའི་རྒྱལ་ཁབ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ས་ཕྱོགས་མང་པོར་སྲིད་འཛིན་ཊོམ་ལ་ངོ་རྒོལ་གྱི་ལས་འགུལ་ཁྱབ་ཆེན་སྤེལ་ཡོད་པ་རེད།

དེ་ཡང་ཇུ་རུ་སི་ལམ་དེ་ནི་ཇིའུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས། དེ་བཞིན་ཡེ་ཤུ་ཆོས་ལུགས་བཅས་ཀྱིས་གནས་རྩ་ཆེན་བརྩི་ཡི་ཡོད་པ་དང་། ད་ལྟའི་ཆར་ཇིའུ་ཆོས་ལུགས་ཡིན་པའི་ཨཱི་ཛེ་རིལ་རྒྱལ་ཁབ་དང་ཁ་ཆེ་ཆོས་ལུགས་ཀྱི་རྒྱལ་ཁབ་པེ་ལི་སེ་ཐན་གཉིས་ཀྱིས་གྲོང་ཁྱེར་དེའི་བདག་དབང་ལ་རྩོད་ཀྱི་ཡོད་པས། རྩོད་རྙོག་དེ་ཞི་བའི་ངང་སེལ་ཆེད་དུ་གྲོས་མོལ་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ཀྱང་། སྲིད་འཛིན་ཊོམ་གྱིས་ཨི་ཛེ་རིལ་གྱི་རྒྱབ་ལ་ལངས་ནས་གྲོང་ཁྱེར་དེ་རྒྱལ་ཁབ་དེའི་རྒྱལ་སར་ངོས་འཛིན་བྱས་རྐྱེན། དཀྱིལ་ཤར་ཡུལ་གྲུའི་བརྟན་ལྷིང་ལ་ཉེན་ཚབས་ཆེན་པོ་བཟོས་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག སྤྱིར་བཏང་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས། ཊོམ་གྱིས་ཨ་རིའི་ནང་ཇིའུ་མི་རིགས་མང་པོ་ཡོད་པས། འོས་ཤོག་ཐོབ་ཆེད་དུ་ཇེ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱ་རྒྱུ་ཁས་ལེན་བྱས་ཡོད་པ་རེད་འདུག འོན་ཀྱང་ཊོམ་གྱི་ཐག་གཅོད་དེར་ངོས་འཛིན་དང་དགའ་བསུ་མངོན་གསལ་དོད་པོ་བྱེད་མཁན་ཨི་ཛེ་རིལ་རྒྱལ་ཁབ་ལས་མེད་པ་རེད་འདུག

ཁ་ཆེའི་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་དེར། པེ་ལི་སེ་ཐན་དང་ཏུར་ཀི། ཇོར་ཌན། ཨི་རན། ཀུ་ཝེ་ཌ། ཁ་ཊར། ལེ་བྷ་ནོན་སོགས་རྒྱལ་ཁབ་མི་འདྲ་བ་༣༠ ཡི་འགོ་ཁྲིད་འཛོམས་ཡོད་འདུག པེ་ལི་སེ་ཐན་གྱི་སྲིད་འཛིན་མཱོ་ཧ་མ་ཌེ་ཨ་བྷ་སེ་ཡིས། སྲིད་འཛིན་ཝོམ་གྱིས་ནག་ཉེས་ཤིན་ཏུ་ཆེན་པོ་བྱས་ཡོད་པས། པེ་ལི་སེ་ཐན་དང་ཨཱི་ཛེ་རིལ་བར་གྱི་རྩོད་རྙོག་སེལ་བའི་ཞི་བའི་བརྒྱུད་རིམ་ནང་ཨ་རི་ཆ་ཤས་ལེན་རྒྱུར་ངོས་ལེན་བྱེད་རྒྱུ་མིན་པ་དང་། ཇུ་རུ་སི་ལམ་དེ་ནི་པེ་ལི་སེ་ཐན་གྱི་རྒྱལ་སར་ཡིན་པ་དང་མ་འོངས་པར་ཡང་གནས་རྒྱུ་ཡིན་པ། ཨ་རིས་གྲོང་ཁྱེར་དེ་རང་གི་གྲོང་ཁྱེར་ཡིན་པ་འདྲ་བོ་བྱས་ནས་གཞན་ལ་སྤྲད་པ་དེ་ཚད་ལས་བརྒལ་བ་ཡིན་སྐོར་བསྒྲགས་འདུག

ཁ་ཆེའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་བསྒྲགས་གཏམ་དེར། ཨ་རིའི་ལས་བྱེད་ཅིག་གིས་ཁོང་ཚོས་སྔོན་ནས་རྒོལ་ལན་དེ་འདྲ་ཡོང་རྒྱུར་ཚོད་དཔག་བྱས་ཡོད་པ་དང་། མུ་མཐུད་ནས་ཨི་ཛེ་རིལ་དང་པེ་ལི་སེ་ཐན་གཉིས་ཀྱི་མི་མང་ལ་ཕན་ཆེད་དུ། འཆར་གཞི་ལྟར་མུ་མཐུད་ནས་ལས་ཀ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག ཨི་ཛེ་རིལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ཡིས། བསྒྲགས་གཏམ་དེར་ཧང་སངས་མེད་ཁར། པེ་ལི་སི་ཐན་གྱིས་དངོས་ཡོད་གནས་སྟངས་ངོས་བཟུང་བའི་ཐོག་ནས་ཞི་བའི་ཆེད་ལས་ཀ་བྱེད་དགོས་པ་ལས་མཁྲེགས་འཛིན་བྱེད་མི་རུང་བ་དང་། མཐའ་མཇུག་ཏུ་དྲང་བདེན་ལ་རྒྱལ་ཁ་ཐོབ་ནས། རྒྱལ་ཁབ་མང་པོས་ཇུ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་ཏེ། གཞུང་ཚབ་རྣམས་དེ་གར་གནས་སྤོ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།