གཉན་ནད་རེག་དུག་སྐོར་གྱི་འགུལ་གཟུགས་གློག་བརྙན།
ཟླ་འདིའི་ཚེས་༥ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་གི་བཀའ་བློན་ཚེ་རིང་དབང་ཕྱུག་གཙོས་པའི་འབྲེལ་ཡོད་ལས་བྱེད་མཉམ་ཞུགས་ཐོག བོད་སྐད་ཐོག་ནས་གཉན་ནད་རེག་དུག་སྔོན་འགོག་དང་གོ་རྟོགས་ཀྱི་འགུལ་གཟུགས་གློག་བརྙན་ཞིག་ལེགས་གྲུབ་བྱུང་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང།
ཨ་རིའི་ཨེ་ཙི་སློབ་གསོ་(Teach AIDS) ཚོགས་པའི་མཐུན་སྦྱོར་རོགས་རམ་འོག འཕྲོད་བསྟེན་ལྷན་ཁང་གིས་མཉམ་ལས་བྱས་ཏེ། ཚོགས་པ་དེས་བཟོས་པའི་གཉན་ནད་རེག་དུག་སྔོན་འགོག་གི་གློག་བརྙན་དེ། བོད་པའི་རིག་གཞུང་དང་སྐད་ལ་བསྟུན་ཏེ་གསར་བཟོ་བྱས་འདུག གློག་བརྙན་དེའི་ནང་སྨན་པ་ཚེ་བརྟན་རྡོ་རྗེ་དང་གཞས་པ་ཕུར་བུ་རྣམ་རྒྱལ་གཉིས་ཀྱི་སྐད་བེད་སྤྱད་འདུག
བཀའ་བློན་ཚེ་རིང་དབང་ཕྱུག་གིས་གློག་བརྙན་དེ་བརྒྱུད། འཛམ་གླིང་གང་སར་གནས་པའི་བོད་པ་དང། ལྷག་པར་དུ་བོད་ནང་དུ་ཡོད་པའི་བོད་པ་ཚོར། གཉན་ནད་རེག་དུག་གི་གོ་རྟོགས་དང་སྔོན་འགོག་བྱེད་པར་ཕན་ཐོག་ཡོང་བར་རེ་བ་བྱེད་ཀྱི་ཡོད་པ། ན་ཚ་དེ་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་པ་དང། དེ་ལ་བཅོས་ཐབས་མེད་པས། སྔོན་འགོག་དེ་གལ་ཆེན་པོ་ཆགས་ཡོད་པ། དེ་བཞིན་འཕྲོད་བསྟེན་ལྷན་ཁང་གིས་གྲངས་ཐོའི་ནང། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང། གཉན་ནད་རེག་དུག་ནད་པ་གྲངས་༦༥དང་ས་གནས་༡༩ ལ་ཡོད་པ་སོགས་ཀྱི་སྐོར་གསུངས་སོང།
ད་ལྟའི་ཆར་ཨེ་ཙི་སློབ་གསོ་ཞེས་པའི་ཚོགས་པ་དེས། རྒྱལ་ཁབ་༨༠ དང་བོད་སྐད་བསྡོམས་པའི་སྐད་རིགས་༢༧ ནང་ལ་འགུལ་གཟུགས་གློག་བརྙན་བཟོས་ཡོད་འདུག
འཕྲོད་བསྟེན་ལྷན་ཁང་གིས་འགུལ་གཟུགས་གློག་བརྙན་དེའི་འོད་སྡེར་ཁྲི་གཅིག་བོད་པའི་སྤྱི་ཚོགས་ནང་འགྲེམས་སྤེལ་བྱ་འཆར་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།
