གནས་མཆོག་རྡོར་གདན་དུ་༧གོང་ས་མཆོག་གི་གསུང་ཆོས་ཀྱི་དུས་ཚེས་དང་ཕྱག་ཁྱེར་ཞུ་སྟངས།

འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ཚེས་ ༣༡བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་བཀའ་དྲིན་བསྩལ་གཏན་ཁེལ་འདུག་ལ། དེ་ཡང་ཚེས་ ༢༩ དང་ ༣༠ བཅས་དུས་ཡུན་ཉིན་གཉིས་རིང་སྔ་དྲོར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་། དེ་བཞིན་ཚེས་༣༡ གི་སྔ་དྲོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ། གཞན་ཡང་ཕྱི་ལོ་༢༠༢༤་ཕྱི་ཟླ་༡ ཚེས་༡ ཉིན་མགོན་པོ་གང་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་རེད་འདུག
གསུང་ཆོས་ཀྱི་ཕྱག་ཁྱེར་ཞུ་ཕྱོགས་དང་འབྲེལ་ཏེ་ཕྱི་ཚེས་༢༠ ཉིན་བདེ་སྲུང་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་འདུག་ཅིང་། དེའི་ནང་དུ། “གྲྭ་བཙུན་དང་། རང་ལོ་ ༧༠ ཡན་བགྲེས་སོང་། དབང་པོ་སྐྱོན་ཅན། རྒྱ་གར་བ། ཕྱི་རྒྱལ་བ་བཅས་ལ་གསུང་ཆོས་ཕྱག་འཁྱེར་འབུལ་རྒྱུ་ཡིན། བོད་རིགས་དང་ཧི་མ་ལ་ཡའི་ཆོས་ཞུ་བ་རྣམས་ཀྱི་ཕྱག་འཁྱེར་བཟོ་དགོས་མེད།”ཞེས་དང་།
“གསུང་ཆོས་ཕྱག་འཁྱེར་ཞུ་བདེའི་སླད་དྲ་རྒྱ་(www.dalailamateaching.com) ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༥ ཉིན་ནས་སྒོ་ཕྱེ་ཡོད་པ་དེ་ལུགས་ཐུགས་སྣང་ཡོང་བ་ཞུ། སོ་སོའི་ངོ་སྤྲོད་ཡིག་ཆ་ (Passport/Aadhaar Card/Voter ID/Green Book/RC) བཅས་གང་རུང་མཉམ་འཁྱེར་ཐོག་རྡོར་གདན་གསུང་ཆོས་ཐོ་འགོད་ཁང་དུ་ངོ་བཅར་གྱིས་ཕྱག་འཁྱེར་བཞེས་དགོས། གལ་ཏེ་ཆོས་ཞུ་བ་སུ་ཞིག་ནས་དེ་སྔ་གསུང་ཆོས་ཕྱག་འཁྱེར་ཞུས་ཡོད་ཚེ་དེ་སྔའི་གསུང་ཆོས་ཕྱག་འཁྱེར་ཨང་རྟགས་ (ID) ཐོག་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་གསར་པ་བཞེས་ཆོག དྲྭ་རྒྱ་བེད་སྤྱོད་གཏོང་མི་ཤེས་མཁན་རིགས་ནས་རྡོར་གདན་ཐོ་འགོད་ཁང་དུ་ངོ་བཅར་གྱིས་དེ་སྔ་བཞིན་གསུང་ཆོས་ཕྱག་འཁྱེར་ཞུ་འཐུས་ཆོག་པ་”ཞེས་བཀོད་འདུག
གཞན་ཡང་རྡོར་གདན་ས་གནས་ཀྱི་ཐོ་འགོད་ཁང་དེ་ཕྱི་ཟླ་ ༡༢ ཚེས་ ༡༤ ནས་སྒོ་ཕྱེ་རྒྱུ་ཡིན་འདུག་པ་དང་། གལ་ཏེ་དོགས་འདྲིའི་རིགས་ཡོད་ཚེ་གློག་འཕྲིན་bsomcloed@tibet.net, bso@tibet.net འདིའི་བརྒྱུད་ནས་འབྲེལ་བ་གནང་དགོས་པ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
