གླེང་ཙམ་རེད་དམ་ཅིག་གནང་རྩིས་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༥༤ ཕྱི་ལོ་ ༢༠༡༣/༩/༤
ཁ་སང་མང་གཙོའི་དུས་ཆེན་ཉིན་བཀའ་ཤག་གི་གསུང་བཤད་ནང། “དེང་སྐབས་ང་ཚོའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་ནང་སྤྱི་རྒྱུ་སྒེར་ཟོས་དང་། ལོག་འཚོ། བུད་མེད་ལ་བརྙས་བཅོས་ལྟ་བུའི་གནས་ཚུལ་ཉུང་ཤས་ལྷག་བཞིན་པ་ནི་བོད་མིིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་ཉམས་ཆག་འགྲོ་བའི་རྟགས་མཚན་ཡིན་”ཞེས་འཁོད་འདུག་པ་ནི། གནད་དོན་དང་དུས་ཚོད་གང་གི་ཐོག་ནས་བསམ་བློ་བཏང་ཡང་གླེང་རིན་ཡོད་པ་ཞིག་དང་ངེས་པར་དུ་གླེང་དགོས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བཀའ་ཤག་གི་གསུང་བཤད་ནང་ཚིག་འདི་དག་གླེང་ཙམ་བྱེད་པ་ལས། དོན་དངོས་སུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེ་ལྟར་མི་ཡོང་བའི་ཆེད་དུ་ལས་དོན་དངོས་སྒྲུབ་ཀྱི་རེད་དམ། གལ་སྲིད་བསྒྲུབས་ཀྱང་འགྲུབ་ཀྱི་རེད་དམ། འགག་ལ་ཐུག་དུས་ལག་པ་འཆང་ཙམ་ཡང་གནང་གི་རེད་དམ། བསམ་པའི་ཚོར་བ་འདི་རང་བཞིན་གྱིས་སེམས་ནང་ནས་འཚང་ཁ་རྒྱག་བཞིན་པའི་འདྲི་ཚིག་ཤ་སྟག་རེད།
བོད་པའི་སྤྱི་ཚོགས་ནང་སྤྱི་རྒྱུ་སྒེར་ཟོས་བྱེད་མཁན་བྱུང་བའི་ལོ་རྒྱུས་མང་པོ་བྱུང་ཡོད་ལ། བུད་མེད་ལ་བརྙས་བཅོས་བྱས་པའི་ལོ་རྒྱུས་ཀྱང་རེ་ཟུང་གོ་རྒྱུ་ཡོད། འོན་ཀྱང་གནད་དོན་འདི་དང་འདི་ལྟ་བུ་བྱུང་བའི་སྐབས་སུ་ནག་ཉེས་གསོག་མཁན་དེར་རྒྱབ་རྩ་མང་ཉུང་དང། ལྟག་སྒོ་ཆེ་ཆུང་ཁོ་ན་ལ་བརྟེན་ནས་ཐག་གཅོད་བྱས་པ་ལས། སྤྱི་མཚུངས་ཀྱིས་ཐག་གཅོད་བྱས་པའི་གནས་ཚུལ་ནི་ཧ་ཅང་གི་དཀོན་པོ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་ཞིག་ག་ལ་ཡིན། ཉེ་ཆར་མོན་གྷོ་གཞིས་ཆགས་ནས་གནད་དོན་ཞིག་ལྷགས་ཡོད་པ་དང། སྐབས་དེར་འབྲེལ་ཡོད་མི་སྣ་དེ་གཉིས་ལ་དཔལ་འབྱོར་དང་རྒྱབ་རྩ། ཆགས་ས་རྟེན་ས་གང་ཡང་མེད་མཁན་ཞིག་ཡིན་པས་ལམ་སང་བཙོན་རར་བསྐྱལ་ཟིན་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག་ལ། གལ་སྲིད་མི་དེ་གཉིས་རྒྱབ་རྩ་དང་དབང་ཤུགས་ཆེན་པོ་ཡོད་མཁན། ད་དུང་ལྟག་སྒོ་ཆེན་པོ་ཡོད་མཁན་ཞིག་ཡིན་ན་དེ་ལྟ་བུའི་ཐག་གཅོད་ཅིག་བྱུང་ཡོད་མེད་ཀྱང་ཕྱོགས་ངོས་གང་ནས་བལྟས་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་ཅེས་བརྗོད་ཆོག་པ་ཞིག་རེད། ལོ་ཁ་ཤས་ཀྱི་གོང་ལ་ཀོ་ལི་གྷལ་ནས་དབུལ་པོ་ཞིག་གིས་ས་གནས་འགོ་འཛིན་གྱིས་དྲང་པོ་བྱས་མ་སོང་ཞེས་འུ་ཐུག་སྟེ་ས་གནས་འགོ་འཛིན་ལ་ལག་པ་བཀྱགས་ཙམ་བྱས་ནས་ཉེན་རྟོག་པར་རྩིས་སྤྲད་བྱས་ཀྱང། ས་གནས་གཞན་ཞིག་ནས་མི་བསད་ཀྱང་གནས་ཚུལ་རྩད་གཅོད་གང་ཡང་མ་བྱས་པ་ལྟ་བུ་བྱུང་ཡོད།
གོང་དུ་བརྗོད་པའི་མོན་གྷོ་གཞིས་ཆགས་ཀྱི་མི་དེ་གཉིས་ཀྱིས་ནག་ཉེས་བསགས་ཡོད་མེད་ཉེན་རྟོག་ལས་ཁུངས་དང་ཁྲིམས་ཁང་ནས་ཐག་གཅོད་བྱེད་ངེས་པས་དེའི་སྐོར་གླེང་འདོད་གང་ཡང་མེད་ཀྱང། གལ་སྲིད་ནག་ཉེས་དངོས་སུ་བསགས་ཡོད་ན་ཁྲིམས་ཐོག་ཏུ་སྐྱེལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་གནད་དོན་འདི་ལྟ་བུ་བྱུང་བའི་སྐབས་སུ་རྒྱབ་རྩ་ཆེ་ཆུང་དང། ལྟག་སྒོ་ཡོད་མེད་སོགས་ལ་བརྟེན་ནས་ནག་ཉེས་ནག་ཉེས་སུ་མི་བརྩི་བ་དང། ནག་ཉེས་ནག་ཉེས་སུ་མི་མཐོང་བའི་བྱེད་སྟངས་འདི་དག་མཐོང་ཡོང་དུས་འདྲ་མཉམ་གཏན་ནས་མིན་པའི་ཚོར་སྣང་སྐྱུར་མོ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་འདུག ཕྱོགས་གཅིག་ནས་ང་ཚོར་བཙོན་ཁང་དང་ཉེན་རྟོག་པ་མེད་པས་འདི་ལྟ་བུ་ཞིག་ལས་ནུས་པ་མེད་པའང་ཡིན་སྲིད་པ་དང། རྒྱུ་ནོར་དང་ངོ་སོ་ཡོད་མཁན་ཚོས་གནད་དོན་གང་ཡིན་ཡང་རྒྱུ་ནོར་ལ་བརྟེན་ནས་ཐག་གཅོད་བྱེད་བདེ་བ་དང། འབྲེལ་བ་ལ་བརྟེན་ནས་ལམ་ཁ་འཚོལ་བདེ་བའི་གནས་སྟངས་ཤིག་ཡོང་གི་ཡོད་པས་ང་ཚོའི་སྒྲིག་འཛུགས་ཀྱི་ནུས་པ་ལའང་གང་ཡང་མི་བརྩི་བའི་གནས་སྟངས་ཤིག་ཏུ་གྱུར་སོང་བར་སྙམ།
ད་ལན་བཀའ་ཤག་གི་མང་གཙོའི་དུས་ཆེན་གྱི་གསུང་བཤད་ནང་གླེང་ཙམ་གནང་བ་ལས། མ་འོངས་པར་ལག་ལེན་དུ་མ་བསྟར་ན་དོན་གྱིས་ཕན་ཐོགས་གང་ཡང་མེད་ལ། གལ་སྲིད་ལག་པ་འཆང་ཡང་ཉམ་ཆུང་ཤོས་དང་ནུས་པ་དམན་ཤོས་ཚོར་ནག་ཉེས་བསགས་པའི་དོགས་པ་ཙམ་བྱུང་ཡང་གལ་ཆེན་དུ་བརྩི་བ་དང། འབྱོར་ལྡན་དང་ནུས་པ་ཅན་ཚོར་དེ་ལྟར་མ་ཡིན་པར་ནག་ཉེས་དང་ནོར་འཁྲུལ་བྱས་ཀྱང་མ་མཐོང་མདོག་མདོག་གནང་བ་ཡིན་ན། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པ་འདི་དག་ཀྱང་ཁ་གཡང་ཙམ་ལས་དོན་དངོས་སུ་འགྱུར་མི་སྲིད་པ་རེད། དེར་བརྟེན་གནད་དོན་འདི་དག་གི་ཐོག་བལྟ་སྟངས་གཅིག་མཚུངས་དང། ལག་བསྟར་གཅིག་མཚུངས། ཁྲིམས་འགལ་བྱེད་མཁན་སུ་ཡིན་ཡང་འགེབས་སྲུང་མི་བྱེད་པའི་ལངས་ཕྱོགས་འདི་དམ་འཛིན་གནང་ན་དོན་དམ་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། གནད་དོན་དེའི་ཐོག་ནས་ཁ་ཤས་ལ་སྤྱན་གྱིས་གཟིགས། ཁ་ཤས་ལ་མིག་གིས་བལྟ་ཞེས་པ་ལྟར་བྱས་ན་ཕན་ཐོགས་རྒྱུའི་ཚབ་ཏུ་གནོད་བསྐྱལ་བ་ཞིག་ཏུ་གྱུར་ཡོད།
བཀའ་ཤག་གི་གསུང་བཤད་ནང་”ལོག་འཚོ་”བྱེད་མི་རུང་བར་གསུངས་འདུག་པ་འདི། བཀའ་ཤག་སྔོན་མའི་དཔལ་འབྱོར་དང་འབྲེལ་བའི་གཞི་རྩའི་ལྟ་གྲུབ་ཅིག་ཡིན་པ་དང། དེའི་ཚིག་དེ་བསྐྱར་དུ་སླེབས་པ་རེད། གནད་དོན་འདིའི་ཐོག་ད་ལྟའི་བཀའ་ཤག་གིས་དགོངས་པ་ག་འདྲ་ཞིག་བཞེས་རྒྱུ་ཡོད་མེད་མི་ཤེས་ནའང། ལོག་འཚོ་ཞེས་པ་ནི། ཚུལ་འཆོས་དང། ཁ་གསག གཞོགས་སློང། ཐོབ་འཇལ། རྙེད་པས་རྙེད་པ་འཚོལ་བ་ཞེས་ནང་པའི་གཞུང་ལས་བྱུང་བའི་ཐ་སྙད་ཅིག་ཡིན་ལ། འདོད་ཆུང་ཆོག་ཤེས་ཁོ་ན་ལ་བརྟེན་ནས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་སྒྲུབ་མཁན་གྱི་སྐྱེས་བུ་ཞིག་ལ་མཚོན་ན། ལག་ལེན་དུ་འཁེལ་དགོས་ངེས་ཤིག་ཡིན་ནའང། ཁྱིམ་པ་མི་ནག་པ་ཞིག་གིས་དེ་ལྟར་ཡོང་ཐབས་མེད་པ་མ་ཟད། སྐྱབས་བཅོལ་བ་ཞིག་གིས་དེ་བས་ཀྱང་ཡོང་ཐབས་མེད། དེ་བཞིན་རྒྱལ་ཁབ་ཅིག་གམ་སྲིད་གཞུང་ཞིག ལྷག་པར་དུ་སྐྱབས་བཅོལ་བའི་སྒྲིག་འཛུགས་ཤིག་གི་ངོས་ནས་ཀྱང་ལོག་འཚོ་མ་ཡིན་པ་ཞིག་ཡོང་གི་རེད་དམ། ཡོང་སྲིད་ཀྱི་རེད་དམ། ད་ལྟའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡོང་ཁུངས་འདི་དག་ཀྱང་གོང་དུ་བརྗོད་པ་དེ་དག་དང་གཏན་ནས་འབྲེལ་བ་མེད་པ་ཞིག་རེད་དམ། འདི་དག་ཚང་མ་ཤེས་རྟོགས་ཡོད་དགོས་པ་ཞིག་རེད། གནད་དོན་འདིའི་རྒྱབ་ལྗོངས་དང་འགྲེལ་བཤད་གཞན་ཞིག་ཡོད་ན་ནི་ཞུ་རྒྱུ་གང་ཡང་མེད་ལ། སྐབས་འདིར་གླེང་དགོས་དོན་ཡང་གནད་དོན་ཚང་མ་ཁ་གཡང་ཙམ་དུ་མི་འགྱུར་བའི་ཆེད་དུ་ཡིན།།