ཅེཀ་གྲོས་ཚོགས་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བ།
ཡུ་རོབ་ནང་ཡོད་པའི་རྒྱལ་ཁབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་བོད་མིའི་ཆོད་དད་རང་དབང་ལ་རྒྱལ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག་པ་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་ས་ཕྱོགས་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་རེ་བའི་སྒྲོན་མེ་ཞིག་ཡིན་པས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་དེ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༦ ཉིན་བོད་མིའི་སྒྲིགའཛུགས་ཀྱི་དྲྭ་རྒྱའི་ཐོག་གནང་ཚུལ་བཀོད་དོན་ལ། ཕྱི་ཚེས་༢༥ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་ཆོས་དད་རང་དབང་དང་ཆོས་ལུགས་ཀྱི་དབུ་ཁྲིད་རང་དབང་ཐོག་ངོས་འཛིན་བྱེད་ཆོག་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་འདུག གྲོས་ཆོད་དེའི་ཐོག་གྲོས་ཚོགས་འཐུས་མི་གཅིག་ནས་ཀྱང་དགག་པ་མེད་པའི་ཐོག་གྲོས་ཚོགས་འཐུས་མི་༤༠ ནས་ཚད་མཐོའི་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་བ་ཡོད་འདུག་པ་དང་། དེའི་བརྒྱུད་རྒྱ་ནག་གིས་ཁྲིམས་ཐོག་ནས་བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པར་ངོས་ལེན་མེད་པ་གསལ་པོར་མཚོན་གྱི་ཡོད་འདུག གྲོས་ཆོད་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་གཙོས་པས་གཞུང་ནས་བོད་མི་རྣམས་ལ་རང་དབང་སྒོ་ནས་༸གོང་ས་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག གྲོས་ཆོད་དེ་བཞིན་བོད་ཀྱི་འགོ་ཁྲིད་རྣམས་ནས་ལོ་མང་རིང་རྒྱུན་མཐུད་བོད་དོན་ཞུ་གཏུག་གནང་བ་ལས་བྱུང་བ་ཞིག་ཡིན་འདུག་ཅིང་། དེ་ཡང་ཁོང་རྣམ་པས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་པའི་ཆོས་དང་རིག་གཞུང་ཐོབ་ཐང་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་ཡོད་འདུག་པ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་ཚོགས་ནས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་བཅས་ཀྱི་འབད་བརྩོན་ལས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་འདུག
ཅེཀ་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་(Jitka Seitlova)ཡིས་གྲོས་ཆོད་འདི་འཆར་འབུལ་ཞུས་པ་དང་། ཅེཀ་གྲོས་ཚོགས་གོང་མའི་འཐུས་མི་(Přemysl Rabas)དང་(Jiri Ruzicka)རྣམ་གཉིས་ཀྱིས་རྒྱབ་སྐྱོར་གནང་བའི་གྲོས་ཆོད་འདིའི་བརྒྱུད། ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་བོད་མི་བར་ཡུན་རིང་གྱི་འབྲེལ་བ་དམ་ཟབ་ཡོད་པ་གསལ་སྟོན་གནང་ཞིང་། གྲོས་ཆོད་ནང་དེ་སྔོན་ཕྱི་ལོ་༢༠༢༥ ཟླ་༡༢ ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པི་ཊར་པ་ཝེལ་(Petr Pavel)སོ་སོ་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ་ཁག་དྲན་གསོ་ཞུས་འདུག བགྲོ་གླེང་ལས་རིམ་དེ་ཉིད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་(Jiří Oberfalzer)ཡིས་གཙོ་སྐྱོང་སྐབས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལ་དགའ་བསུའི་འཚམས་འདྲི་གནང་ཤིང་། སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་གྲོས་ཚོགས་སུ་ཟུར་ཉན་ལ་ཕེབས་ཡོད་པ་འདི་ནི་ཅེཀ་གྲོས་ཚོགས་ནས་རྒྱ་ནག་གཞུང་གི་དྲག་གནོན་འོག་མྱོང་བཞིན་པའི་གཞིས་བཞུགས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་འདུག
ཅེཀ་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་(Jitka Seitlova)ཡིས་འདི་ནི་ས་ཁུལ་བྱེ་བྲག་པ་གཅིག་གི་གནད་དོན་ཙམ་མ་ཡིན་པར། ས་ཁུལ་གང་ཞིག་ཏུ་རང་དབང་ལ་དམ་བསྒྲགས་དང་། མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་ནི་འཛམ་གླིང་ཡོངས་ཀྱིས་གཙིགས་ཆེར་འཛིན་བཞིན་པའི་རིན་ཐང་དང་བདེ་འཇགས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་ཅེས་དང་། རྒྱ་ནག་གི་བཙན་གནོན་འོག་བོད་མི་རྣམས་མུ་མཐུད་སྡུག་སྦྱོང་མྱོང་བཞིན་པ་དང་། ཁོང་ཚོའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ང་ཚོའི་འགན་འཁྲི་ཆགས་ཀྱི་ཡོད་ཅེས་གསུངས་ཡོད་འདུག བོད་དོན་ལ་རྒྱབ་སྐྱོར་གནང་བའི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་མཁན་ཅེཀ་གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་ར་བྷ་སི་ཡིས་རྒྱ་ནག་གིས་གོང་ས་མཆོག་གི་ཡང་སྲིད་ཐོག་སྟངས་འཛིན་བྱེད་པ་ནི། ཡུ་རོབ་མཐུན་ཚོགས་ཀྱིས་ཡེ་ཤུའི་བླ་ཆེན་པོབ་(Pope)འོས་འདེམས་བྱེད་པར་བཀོད་འདོམས་བྱས་པ་ལྟ་བུའི་གནས་སྟངས་ཤིག་ཡིན་ཞེས་བརྗོད་པ་དང་། གྲོས་ཆོད་འདིའི་ནང་རྒྱ་ནག་གཞུང་གིས་བོད་ལ་ཐེ་བྱུས་བྱས་པའི་གནད་དོན་ཙམ་མ་ཟད། ཉེ་ཆར་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་ལས་བོད་མི་ཙམ་མ་ཡིིན་པར་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་ཉེན་ཁ་བཟོ་བཞིན་པའི་སྐོར་ཡང་གསལ་སྟོན་གནང་བའི་སྐོར་ནན་བརྗོད་གནང་ཡོད་འདུག
གྲོས་ཚོགས་གོང་མའི་འཐུས་མི་(Břetislav Rychlík)ཡིས་བོད་ནང་རྒྱ་ནག་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བོད་ཕྲུག་རྣམས་བཙན་འཇུག་བྱེད་བཞིན་པའི་གནས་སྟངས་སྐོར་དང་། རིག་གཞུང་དང་སྐད་ཡིག་རྩ་མེད་གཏོང་བ་མ་ཟད། བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་ཡ་ང་བའི་གནས་ཚུལ་གླེང་ཡོད་འདུག ཁོང་གིས་བྱ་ཐབས་འདི་དག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་འགྲེལ་བརྗོད་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག གྲོས་ཆོད་གཏན་འབེབས་གནང་བའི་རྗེས་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་གསུང་དོན། ཅེཀ་གྲོས་ཚོགས་ནས་འཛམ་གླིང་ཐོག་ནུས་ཤུགས་ལྡན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། དེ་ཡང་སྲིད་གཞུང་ནས་སྲོལ་རྒྱུན་ཆོས་ལུགས་ཀྱི་ལམ་ལུགས་ལ་སྟངས་འཛིན་བྱེད་པའི་ཐོབ་ཐང་མེད་པ་དང་། དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་མི་རྣམས་ལ་སོ་སོའི་དབུ་ཁྲིད་འདེམས་ཕྱོགས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱས་པ་ནི། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཆེ་མཐོང་ལ་གཙིགས་ཆེར་འཛིན་པ་དེ་མངོན་པར་མཚོན་ཡོད་ཅེས་དང་། གྲོས་ཆོད་འདི་ནི་ཡིག་ཚགས་ཙམ་མ་ཡིན་པར། ས་ཕྱོགས་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་རེ་བའི་སྒྲོན་མེ་ཞིག་ཡིན་པས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་དེ་ལྟ་བུ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
