ཆུ་སྒང་དབུས་རྒྱུན་གྱིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མི་སྣར་ཞུ་གཏུག

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་རྣམ་པས་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་། གྲོས་ཚོགས་ཀྱི་འཐུས་མི། ཉམས་ཞིབ་པ། ཆབ་སྲིད་ཆེད་མཁས་པ་སོགས་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་བརྒྱད་ཀྱི་སྙན་ཞུ་ཕུལ་ཡོད་པ་རེད།

16810851_10212538320958105_885205923_oམདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཚོགས་གཞོན་གླིང་ཚང་ཚེ་རྡོ་དང་། དབུས་རྒྱུན་དྲུང་ཆེ་འཆམ་ར་དྲི་མེད་རྒྱལ་མཚན། དབུས་རྒྱུན་དྲུང་གཞོན་ངག་དབང་ཐར་པ། དབུས་རྒྱུན་མཐུན་འགན་ཚེ་རིང་རྡོ་རྗེ་བཅས་ཀྱིས་བྱང་ཨ་རིའི་ས་གནས་ཁག་ཅིག་ལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཟླ་༢ ཚེས་༡༣ ཉིན་The Heritage Foundation གི་ཨེ་ཤི་ཡའི་ཆབ་སྲིད་ཉམས་ཞིབ་པ་ལྕམ་ལི་ས་ཁར་ཚི་དང་། ཨོ་ལི་ཝི་ཡ་ཨི་ནོ་བཅས་ལ་དབུས་རྒྱུན་རྣམ་པ་ཆེད་བཅར་གྱིས་བོད་ནང་གི་ཛ་དྲག་གནད་དོན་དང་འབྲེལ་ནས་བོད་དོན་ཞུ་བཏུག་བྱས་ཡོད་པ་དང་། ཕྱི་དྲོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་མོས་སྡེ་ཚན་གྱི་ལྷོ་ཤར་ཨེ་ཤི་ཡའི་ཆོས་དད་རང་མོས་སྐོར་ཉམས་ཞིབ་པ་ལྕམ་ཕྲི་ན་མཱ་ཧྥོར་དང་། འཇུ་ཌིས་གྷོ་ལོབ་གཉིས་ལ་ཐུག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་སྐོར་ངོ་སྤྲོད་དང་འབྲེལ་བོད་དོན་ཞུ་གཏུག་བྱས་ཡོད་པ་རེད།

དེ་བཞིན་དབུས་རྒྱུན་རྣམ་པ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཌན་ནལ་ཊེལ་སོན་དང་། པུལ་པེརོ་ཊིག་གཉིས་མཉམ་དུ་བོད་ནང་གི་ཛ་དྲག་གནས་སྟངས་འཁོད་པའི་དོན་ཚན་བརྒྱད་ཀྱི་ཞུ་བཏུག་དང་དེར་དྲི་བ་དྲིས་ལན་གནང་། ཉིན་དེའི་ཕྱི་དྲོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཊི་ཧྥི་ཆར་བྷོ་ཊི་ལགས་ལ་བཅར་ནས་བོད་དོན་སྐོར་ངོ་སྤྲོད་དང་དོན་ཚན་བརྒྱད་ཀྱི་ཞུ་གཏུག་ཡེ་གེར་གསལ་བཤད་ཞུས་རྗེས་ཁོང་གིས་གྲོས་ཚོགས་འོག་མའི་ནང་དབུས་རྒྱུན་རྣམ་པ་ཟུར་ཉན་དུ་གདན་ཞུས་གནང་ནས་གྲོས་ཚོགས་སུ་ལྟ་སྐོར་བྱས།

ཟླ་༢ ཚེས་༡༢ ཉིན་ཝ་ཤིང་ཊོན་གྱི་ཉེ་འགྲམ་ཤར་ལོ་ཚང་དུ་ཆེད་ཕེབས་ཀྱིས་རྒྱལ་ས་ཁུལ་དང་མཉམ་འབྲེལ་གྱི་ས་རྒྱུན་གསར་འཛུགས་གོ་སྒྲིག་ཚོགས་ཆུང་གསར་འཛུགས་གནང་ཡོད་པ་རེད།
ཚེས་༡༥ ཉིན་ཇོར་ཇི་ཏྲམ་ཆེས་མཐོའི་སློབ་གྲྭའི་དགེ་རྒན་ཆེན་མོ་དང་ཆོས་དད་རང་མོས་ཞིབ་འཇུག་པ་སྐུ་ཞབས་ཏམ་ཤ་ལྷན་དུ་ཚོགས་འདུ་ཚོགས་ཏེ་དྲི་བ་དྲིས་ལན་བྱས་པ་དང་།  དེ་ནས་ཨ་རིའི་ཕྱི་སྲིད་སྡེ་ཚན་གྱི་རྒྱལ་སྤྱིའི་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚན་པའི་སྐུ་ཞབས་ཨལ་བ་ར་ཌོ་དང་། གནད་ཡོད་མི་སྣ་དགུ་བཅས་ཀྱི་ལྷན་དུ་བོད་དོན་དོན་ཚན་བརྒྱད་ཀྱི་ཞུ་གཏུག་བྱས། ཉིན་དེའི་ཆུ་ཚོད་༣ ཐོག་ཨ་རིའི་གྲོགས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་ར་ཌོལ་ལ་ཆེད་དུ་བཅར་ནས་དོན་ཚན་བརྒྱད་ཀྱི་བོད་དོན་ཞུ་གཏུག་དང་དྲི་བ་དྲིས་ལན་བྱས་པ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཨེ་ཤི་ཡའི་ཕྱི་འབྲེལ་ཚན་པའི་ལས་བྱེད་འགོ་འཛིན་དང་ཁོང་གི་ཕྱག་རོགས་བཅས་ཀྱི་ལྷན་དུ་གྲོས་ཚོགས་ཚོགས་ཁང་ཆུང་བ་ཞིག་གི་ནང་དུ་ཚོགས་འདུ་ཚོགས་ཏེ་བོད་དོན་ཞུ་གཏུག་དང་འབྲེལ་བའི་དྲི་བ་དྲིས་ལན་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།