ཉི་ཧོང་གི་གྱོན་ཆས་བཟོ་ཚོང་ཁང་ཞིག་གིས་“བོད་ལ་རང་དབང་དགོས་”ཞེས་པའི་གྱོན་ཆས་བཏོན་པར་རྒྱ་མིས་ངོ་རྒོལ། 

ཉི་ཧོང་གི་གྱོན་ཆས་བཟོ་ཚོང་ཁང་ཁ་ཕེ་ཋིལ་(Kapital) གྱིས་“བོད་ལ་རང་དབང་དགོས་”ཞེས་པའི་གྱོན་ཆས་ཀྱི་ཚན་པ་གསར་པ་ཞིག་བཏོན་པར། རྒྱ་མི་རྣམས་ཀྱིས་དྲ་ཐོག་ནས་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱས་འདུག 

རྒྱལ་སྤྱིའི་ནང་ཅུང་དར་ཁྱབ་ཆེ་བའི་ཉི་ཧོང་གི་གྱོན་ཆས་བཟོ་ཚོང་ཁང་ཁ་ཕེ་ཋིལ་(Kapital) གྱིས་ཕྱི་ཟླ་༦ ཚེས་༢༣ ཉིན་“བོད་ལ་རང་དབང་དགོས་”ཞེས་པའི་གྱོན་ཆས་ཀྱི་ཚན་པ་གསར་པ་ཞིག་བཏོན་འདུག་པའི་ནང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ལྡན་པའི་སྟོད་ཐུང་དང་། “བོད་ལ་རང་དབང་དགོས་”ཞེས་པའི་ཡིག་འབྲུ་བྲིས་པའི་ཨུ་སུག་དང་ཞྭ་མོ། དེ་བཞིན་ལྷ་ས་དང་ལི་ཐང་སོགས་འདུས་པའི་བོད་ཀྱི་ས་ཁྲ་འཁོད་པའི་སྟོད་ཐུང་བཅས་འདུག 

འཇར་མན་གྱི་གསར་ཁང་Highsnobiety ཡིས་གྱོན་ཆས་ཀྱི་ཚན་པ་འདི་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། བཟོ་ཚོང་ཁང་འདིས་ད་ཐེངས་ཀྱི་གྱོན་ཆས་ཚན་པ་འདི་གསར་བཟོ་དང་འགྲེལ་ཚོང་བྱེད་པའི་རྒྱུ་མཚན་ནི། མཐའ་གཅིག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་ནས་བཟོས་པ་མིན་པར་སྔར་བོད་ཀྱི་རང་དབང་མཚན་ཚོགས་(Tibetan Freedom Concerts) ཀྱི་གཞས་ཚིག་ལ་བལྟས་པ་ཞིག་ཡིན་སྲིད་པའི་འགྲེལ་བརྗོད་བྱས་འདུག 

ཡིན་ན་ཡང་། གནོང་དང་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་རྒྱ་མི་རྣམས་ཀྱིས་གྱོན་ཆས་ཐོག་ཏུ་བཀོད་པའི་ཚིག་རྣམས་ཆབ་སྲིད་རང་དུ་གོ་བ་བླངས་ནས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་བཏང་བ་མ་ཟད། ཚོང་རྟགས་དེའི་གྱོན་ཆས་རྣམས་གཙབ་ཧྲལ་གཏོང་བཞིན་པའི་བརྙན་ཐུང་དང་། སྔར་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤཱི་མ་(Hiroshima) དང་། ནཱ་གྷ་ས་ཁི་(Nagasaki) ལ་རྡུལ་ཚོན་ཕོག་ནས་ཉི་ཧོང་བ་མང་པོ་ཤི་རྨས་བྱུང་བའི་འདྲ་པར་སྐྱི་གཡའ་བ་རྣམས་དྲ་ཐོག་ཏུ་བཞག་ནས་ངོ་རྒོལ་བྱས་ཡོད་འདུག 

ནམ་རྒྱུན་ཁ་ཕེ་ཋིལ་བཟོ་ཚོང་ཁང་ལ་འདི་ལྟ་བུའི་དྲ་ཐོག་གི་སྐྱོན་བརྗོད་འཕོག་སྐབས། ལན་ཅི་ཡང་མི་འདེབས་པར་ཁུ་སིམ་མེར་བསྡད་དེ་སྐྱོན་བརྗོད་དེ་རིམ་གྱིས་ཞི་བར་སྒུག་གི་ཡོད་འདུག་རུང་། ཐེངས་འདིར་ཨིན་སི་ཊ་གྷི་རམ་(Instagram) ནས་འདྲ་པར་རྣམས་མར་བསུབ་ཡོད་འདུག ཡིན་ན་ཡང་། བཟོ་ཚོང་ཁང་གི་དྲ་བའི་ནང་གི་འདྲ་པར་ཡོད་ཚད་སྔར་རྒྱུན་ལྟར་བཞག་ནས་ལྟ་ཐུབ་ཀྱི་འདུག 

ད་ལྟའི་ཆར་རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་ལ་སྐྱོན་ཆག་ཕོག་ནས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་ཡིན་སྟབས། རྒྱ་མི་རྣམས་ཀྱིས་ཉི་ཧོང་གི་བཟོ་ཚོང་འདི་ལ་ལྷག་ཏུ་སྐྱོན་བརྗོད་དང་ཁ་རྡུང་གཏོང་བཞིན་ཡོད་འདུག 

ཉི་ཧོང་གཞུང་གིས་ཉེ་ཆར་བཏོན་པའི་ཉི་ཧོང་གི་ལོ་འཁོར་རྒྱལ་སྲུང་སྙན་ཐོ་(Defense of Japan white paper) གསར་ཤོས་ནང་དུ། ཐའེ་ཝན་རྒྱ་ནག་གི་ས་ཁྲ་ནས་མར་བླངས་ཡོད་པ་མ་ཟད། བདུན་ཕྲག་གོང་མར་ཉི་ཧོང་གི་འཇར་མན་སྐུ་ཚབ་དོན་གཅོད་དང་ཐའེ་ཝན་གྱི་ཇར་མན་སྐུ་ཚབ་དོན་གཅོད་གཉིས་ཆེས་ཐོག་མར་མཇལ་འཕྲད་བྱས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།