ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ལྷན་ཚོགས་དང་ཞི་ཅིན་ཕིང་ལ་ངོ་རྒོལ།

130609024038_cn_obama_xi_ap_cr624ཟླ་འདིའི་ཕྱི་ཚེས་༧ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཨ་རིའི་ཁེ་ལེ་ཧྥོ་ནི་ཡ་མངའ་སྡེ་ཏ་ལའི་དཔྱིད་ཚལ་ཉེ་འགྲམ་གྱི་ཨ་ནན་བྷིར་གྷི་གཞིས་ཀ་རུ་མཇལ་འཕྲད་གནང་ཡོད་པ་དང་། ཉིན་དེར་ཚོགས་རའི་ཕྱི་ལོགས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་རྔམ་སྟོན་བྱས་མཁན་དང་དགའ་བསུ་བྱེད་མཁན་གྱི་ཕྱོགས་ཁག་གཉིས་ཀྱིས་རུ་བསྒྲིགས་ཡོད་པ་རེད།

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་རྣམ་གཉིས་ཀྱིས་ཨ་རིའི་ཁེ་ལེ་ཧྥོ་ནི་ཡ་མངའ་སྡེ་རུ་ཉིན་གཉིས་རིང་གི་གཞུང་འབྲེལ་མིན་པའི་མཇལ་འཛོམས་དེ་རེས་གཟའ་སྤེན་པའི་ཉིན་མཇུག་བསྒྲིལ་ཡོད་པ་དང་། ཐེངས་འདིའི་མཇལ་འཕྲད་སྐབས་དྲ་རྒྱའི་བདེ་འཇགས་གནད་དོན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་སོགས་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་གནང་ཡོད་པ་མ་ཟད། ཕྱོགས་ཁ་ཤས་ཀྱི་ཐད་ལ་གྲོས་མཐུན་ཡང་བྱུང་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་འཕེལ་རྒྱས་ནི་ཨ་རིའི་ཁེ་ཕན་དང་འཚམས་པ་ཞིག་རེད་ཟེར། དེ་ཡང་ཁོང་གིས། “རྒྱ་ནག་ཞི་བདེ་བརྟན་ལྷིང་ངང་ཡར་རྒྱས་འགྲོ་རྒྱུ་ནི་ཨ་རིའི་ཁེ་ཕན་དང་ཧ་ཅང་འཚམས་པ་ཞིག་རེད། གལ་ཏེ་རྒྱ་ནག་གི་དཔལ་འབྱོར་ལམ་ལྷོངས་བྱུང་བ་ཡིན་ན། མ་འོངས་པར་འཛམ་གླིང་གི་དཔལ་འབྱོར་གོང་སྤེལ་གཏོང་བར་ཕན་ཐོགས་ཡོད། དེ་དང་ཕྱོགས་མཚུངས་རྒྱལ་ཁབ་གཅིག་ཁེར་རྐྱང་གིས་ཐག་གཅོད་དཀའ་བའི་འཛམ་གླིང་རང་བཞིན་ཅན་གྱི་འགྲན་རྩོད་སོགས་ལའང་མཉམ་འབྲེལ་བྱེད་ཆོག”

130609024038_cn_obama_xi_ap_cr624

ཨ་རྒྱའི་འབྲེལ་ལམ་ཡར་རྒྱས་འཆར་བཀོད། སྲིད་འཛིན་ཞི་ཅིན་ཕིང་གིས་ཐེངས་འདིའི་ཐུག་འཕྲད་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་འཆར་བཀོད་ཡར་རྒྱས་ཀྱི་ཆེད་དུ་ཡིན་ཟེར། ཁོང་གིས། “རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་གི་འགག་སྒོར་སླེབས་ཡོད་པ་དང་། ཕྱོགས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དེ་འཛམ་གླིང་གི་དཔལ་འབྱོར་བརྟན་ལྷིང་ངང་བསྐྱར་གསོ་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྐྱོད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ཛ་དྲག་གནད་དོན་ཐག་གཅོད་དང་ཕྱོགས་གང་ཐད་ཀྱི་འཛམ་གླིང་རང་བཞིན་ཅན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུ་སོགས། རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་གལ་ཆེར་ལྡན་ཡོད།”

དྲ་རྒྱའི་བདེ་འཇགས་གནད་དོན།  དྲ་རྒྱའི་བདེ་འཇགས་གནད་དོན་ནི་ཐེངས་འདིའི་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་གཅིག་ཆགས་ཡོད་པ་དང་། ཨོ་བྷ་མས་དམིགས་སུ་བཀར་ནས་དྲ་ལམ་བརྒྱུད་ནས་བཙན་འཛུལ་དང་རྐུ་ཁྱེར་གནད་དོན་སྐོར་བཤད་ཡོད་ཅིང་། ཞི་ཅིན་ཕིང་གིས་བརྗོད་པ་ལྟར་ན། དྲ་རྒྱའི་བདེ་འཇགས་ནི་ཨ་རྒྱའི་དོན་དངོས་ཀྱི་འབྲེལ་ལམ་ཐད་མཉམ་འབྲེལ་ཐོག་ཤུགས་སྣོན་རྒྱག་དགོས་རྒྱུའི་ཕྱོགས་རེད་ཅེས་ཟེར། ཞི་ཅིན་ཕིང་གིས་བརྗོད་རྒྱུར། “ང་ཚོས་གྲོས་མོལ་བྱས་ཟིན་པ་ཡིན། ཨ་རྒྱ་གཉིས་ཀྱི་འཐབ་བྱུས་དང་དཔལ་འབྱོར་འབྲེལ་མོལ་གྱི་འཆར་བཀོད་འོག  ཨ་རྒྱ་གཉིས་ཀྱིས་དྲ་ལམ་བདེ་འཇགས་ཀྱི་གནད་དོན་ཐད་ཆེད་དུ་ལས་དོན་ཚོགས་ཆུང་ཞིག་བཙུགས་དགོས།”

བྱང་ཀོ་རི་ཡའི་རྡུལ་ཕྲན་གནད་དོན། ཨ་རི་དང་རྒྱ་ནག་གི་དཔོན་རིགས་ཀྱིས་ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་འཇལ་འཕྲད་རྗེས་སུ་བརྗོད་པ་ལྟར་ན། དབུ་ཁྲིད་གཉིས་ཀྱིས་བྱང་ཀོ་རི་ཡའི་ངེས་པར་དུ་རྡུལ་ཕྲན་མཚམས་འཇོག་དགོས་པའི་སྐོར་མོས་མཐུན་བྱུང་ཡོད་པ་དང་། ཕྱོགས་གཉིས་པོས་བྱང་ཀོ་རི་ཡ་རྡུལ་ཕྲན་ཅན་གྱི་རྒྱལ་ཁབ་ཅིག་ཆགས་རྒྱུར་ཁས་ལེན་བྱེད་རྒྱུ་མིན་པ་རེད།

གྲོས་མོལ་བརྒྱུད་ནས་འགལ་ཟླ་ཐག་གཅོད། སྲིད་འཛིན་ཨོ་ཞི་གཉིས་ཀྱི་མཇལ་འཛོམས་དེ་རེས་གཟའ་སྤེན་པའི་ཉིན་མཇུག་བསྒྲིལ་ཡོད་པ་དང་། ཨ་རིའི་ལོ་སི་ཨེ་རྗན་སིའི་དཔལ་འབྱོར་ཆེད་མཁས་པ་གྷུ་ཡེ་ཧྲི་ཡིས་ངོས་འཛིན་གནང་བ་ལྟར་ན། “ཐེངས་འདིའི་ཨོ་བྷ་མ་དང་ཞི་ཅིན་ཕིང་གི་མཇལ་འཕྲད་དེས་འཛམ་གླིང་ཡོངས་ལ་བརྡ་ལན་ཞིག་བསྐྱལ་ཡོད་པ་རེད་ཟེར། དེ་ཡང་ཁོང་གིས། “རྒྱལ་ཁབ་ཆེན་པོ་འདི་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུར་མོས་མཐུན་བྱུང་ཡོད་པ་དང་། གྲོས་མོལ་བརྒྱུད་ནས་ཨ་རྒྱ་གཉིས་བར་དགོས་མེད་ཀྱི་འགལ་ཟླ་ཐག་གཅོད་བྱེད་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།”

21e510fa-2ddb-4331-83de-96bc66aefb7b_mw640_mh360_s

དེ་བཞིན་ཐེངས་འདིའི་རྒྱ་ནག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཀྱི་ཨ་རིའི་མངའ་སྡེ་ཁེ་ལེ་ཧྥོ་ནི་ཡའི་ལྷན་ཚོགས་སྐབས། ཚོགས་ཁང་ཕྱི་རོལ་དང་ལམ་གཡས་གཡོན་གྱི་ཕྱོགས་གང་སར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་རྔམ་སྟོན་བྱེད་མཁན་དང་དགའ་བསུ་ཞུ་མཁན་གྱིས་རུ་བསྒྲིགས་ཡོད་པ་དང་། ཁོང་ལ་ངོ་རྒོལ་བྱེད་མཁན་ནི་ཆོས་འཁོར་སྒོམ་བསྒྲུབ་ཚོགས་མི་དང་གྱ་དགུ་ལོའི་དྲུག་བཞིའི་དམངས་གཙོ་དོན་གཉེར་བ། བོད་མི་དང་བོད་དོན་རྒྱབ་སྐྱོར་མི་སྣ་བཅས་ཁྱོན་མི་གྲངས་༢༠༠ ལྷག་གིས་འཕྲེད་དར་དང་རྒྱལ་དར་སོགས་འཕྱར་ཏེ། ངོ་རྒོལ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག །