ཐའེ་ཝན་གྱི་མཁའ་དབྱིངས་སུ་རྒྱ་ནག་གི་གནམ་གྲུ་༢༠ ལས་མང་བ་བཏང་འདུག

ཨ་རི་དང་རྒྱ་ནག་གཉིས་བར་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་དྲག་པོའི་རྣམ་འགྱུར་སྟོན་རེས་བྱེད་བཞིན་པའི་སྐབས་དེར། རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་༢༥ བཏང་འདུག་པ་དང་། དེའི་ནང་རྡུལ་མཚོན་འཁྱེར་ཐུབ་མཁན་གྱི་གནམ་གྲུ་ཡང་ཡོད་འདུག 

ཟླ་༤ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཐའེ་ཝན་བདེ་སྲུང་ལས་ཁུངས་ཀྱིས་བརྗོད་དོན་ལ། ཚེས་༡༢ ཉིན་རྒྱ་ནག་གིས་དམག་གི་གནམ་གྲུ་༢༥ ཞིག་ཐའེ་ཝན་གྱི་མཁའ་དབྱིངས་སུ་བཏང་འདུག་པ་དང་། གནམ་གྲུའི་ཁ་གྲངས་དེ་ནི་ད་བར་མང་ཤོས་ཡིན་འདུག ཐའེ་ཝན་ངོས་ནས་དམག་གི་གནམ་གྲུ་བཏང་ནས་བཙན་འཛུལ་བྱེད་མཁན་གནམ་གྲུ་དེ་ཚོར་ཉེན་བརྡ་བཏང་ཡོད་པ་རེད། 

རྒྱ་ནག་གིས་བཏང་བའི་གནམ་གྲུ་༢༥ ཡི་ནང་དུ་དམག་འཁྲུག་གནམ་གྲུ་༡༨ དང་། རྡུལ་མཚོན་སོགས་འབར་རྫས་འཁྱེར་ཐུབ་མཁན་གྱི་གནམ་གྲུ་༤། དེ་བཞིན་མཚོ་འོག་གི་གྲུ་གཟིངས་ལ་འཐབ་རྒོལ་བྱེད་ཆེད་ཀྱི་གནམ་གྲུ་༢། སྔོན་ཚུད་ནས་ཉེན་བརྡ་གཏོང་མཁན་གནམ་གྲུ་༡ བཅས་ཡོད་འདུག ཉེ་བའི་ཟླ་ཤས་རིང་ནས་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཐའེ་ཝན་གྱི་སྟངས་འཛིན་འོག་ཡོད་པའི་གླིང་ཕྲན་ཞིག་གི་ཉེ་འགྲམ་དུ་དམག་གི་གནམ་གྲུ་འཆར་ཅན་གཏོང་འགོ་བཙུགས་ཡོད་པ་པས། ཨ་རིས་རྒྱ་ནག་གི་དྲག་པོའི་སྤྱོད་པར་སྐྱོན་བརྗོད་བྱས་འདུག

ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷེ་ལིན་ཀན་གྱིས་ཐའེ་ཝན་ལ་རང་སྲུང་གི་ནུས་པ་ཡོད་པ་བཟོ་རྒྱུ་དེ་ཨ་རིར་ཁྲིམས་ཐོག་ནས་འགན་ཡོད་སྐོར་བརྗོད་འདུག་པ་དང་། དེ་སྔོན་ཐའེ་ཝན་གྱིས་གལ་ཏེ་རྒྱ་ནག་གིས་བཙན་འཛུལ་བྱས་ཚེ། མཐའ་མཇུག་བར་དུ་དམག་འཐབ་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

རྗོ་བྷའེ་ཌན་གྱི་སྲིད་གཞུང་གསར་པས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ལ་སྲིད་བྱུས་གང་འདྲ་འཛིན་གྱི་ཡོད་མེད་ཐོག་སེམས་འཚབ་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་། གནད་དོན་དེ་དང་འབྲེལ་ནས་སྲིད་གཞུང་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་མགྲིན་ཚབ་པས། ཨ་རིས་ཐའེ་ཝན་དང་འབྲེལ་ལམ་ཐོག་ཆོད་སེམས་བརྟན་པོ་ཡོད་པ་དང་། སྲིད་འཛིན་བྷའེ་ཌན་གྱིས་ཐའེ་ཝན་ཚུད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་མཐུན་ཕྱོགས་དང་གྲོགས་པོ་ཡིན་པའི་རྒྱལ་ཁབ་རྣམས་ཀྱི་རྒྱབ་ཏུ་ལངས་ནས། ཐུན་མོང་གི་ཡར་རྒྱས་གོང་འཕེལ་དང་བདེ་འཇགས། རིན་ཐང་གི་ལྟ་བ་བཅས་གོང་འཕེལ་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།