ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་ལྔ་པ་ལེགས་གྲུབ།

བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་བོད་ཟླ་ ༥ ཚེས་ ༢༥ རེས་གཟའ་ཉི་མར། ཐེ་ཝན་གྱི་རྒྱལ་སའི་ཐའེ་པེར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐེ་སྡོད་བོད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག །ཐའེ་ཝན་སྨིན་གྲོལ་གླིང་ཆོས་ཚོགས་ཀྱི་བླ་མ་ཡོན་ཏན་རིན་པོ་ཆེ་སོགས་་ཞིབ་འཇུག་ཚོགས་པའི་དབུ་འཛིན་རྒན་པ་རྣམ་གྱིས་དབུ་བཞུགས་གཙོ་སྐྱོང་ཐོག །བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་རིན་པོ་ཆེ་རྣམ་པ་དང་མཁན་པོ། དགེ་བཤེས། དགེ་འདུན་པ་དང་བཙུན་མ། རང་གཞུང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་དབུས་པའི་ཐའེ་ཝན་གནས་བཞུགས་བོད་རིགས། ཐེ་ཝན་ས་གནས་མི་མང་བཅས་ཁྱོན་མི་གྲངས་བཞི་བརྒྱ་ལྷག་ཙམ་ལྷན་འཛོམས་ཀྱིས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཆོ་གའི་སྒོ་ནས་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་ལྔ་པའི་ཚོགས་མཆོད་ཟབ་རྒྱས་ངང་ཚོགས་གནང་མཛད་ཡོད།

དེ་ཡང་ཚོགས་ཐོག་ཏུ་ཐོག་མར་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་མཁན་པོ་ངག་དབང་མཁས་གྲུབ་ནས་ཚོགས་མཆོད་ཀྱི་མཛད་རིམ་ངོ་སྤྲོད་གནང་རྗེས། ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ནས་གུ་རུའི་འབུམ་ཚོགས་ཀྱི་དགོས་དམིགས་སྐོར་གསུང་བཤད་གནང་དོན། སྤྱིར་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་རྗེ་དང་ཕྲིན་ལས་སྐུལ་རྒྱུ་ནི། རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་བོད་ཡུལ་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་མི་རིགས། རིག་གནས་བཅས་པ་ལ་གལ་ཆེན་པོ་ཡིན། དེ་ཡང་ཐོག་མར་དུས་རབས་བརྒྱད་པའི་ནང་དུ་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་ཡུལ་དུ་གདན་དྲངས། བོད་ཡུལ་གངས་ཅན་གྱི་ལྗོངས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་རྒྱལ་བསྟན་དར་རྒྱས་སུ་བཏང་། དེ་ཡང་བཙན་པོ་ཁྲི་སྲོང་གི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཆེན་པོ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། གུ་རུ་རིན་པོ་ཆེའི་ཐུགས་རྗེ་དང་བྱིན་བརླབས་ཆགས་ཡོད།
མ་ཟད་ཕྱིས་སུ་༧རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་བོད་ཀྱི་སྐྱེ་འགྲོའི་བདེ་སྐྱིད་དོན་དུ་སློབ་དཔོན་རིན་པོ་ཆེའི་ཐུགས་རྗེ་དང་ཕྲིན་ལས་སྐུལ་རྒྱུའི་དགོས་པ་ཆེན་པོར་གཟིགས་ཏེ། བོད་ཀྱི་རྒྱལ་སའི་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་ཁག་མང་པོར་བྱང་གཏེར་ཆོ་གའི་སྒོ་ནས་ཚོགས་མཆོད་སོགས་སྲོལ་གཙུགས་ཡོད་པའི་ལོ་རྒྱུས་ཡོད་ལ། ཉེ་བའི་དུས་རབས་ཀྱི་ནང་དུ་རིས་མེད་བསྟན་པ་ཡོངས་རྫོགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐས་ཡས། གཏེར་ཆེན་མཆོག་གྱུར་གླིང་པ། གསང་བདག་བློ་གཏེར་དབང་པོ་སོགས་ཀྱིས་མཛད་པའི་གུ་རུ་རིན་པོ་ཆེ་དང་འབྲེལ་བའི་གསུང་ཐོར་བུ་སོགས་ལ་མཇལ་ན་ཡང་། བོད་བརྒྱུད་ནང་པའི་བསྟན་པ་དང་གུ་རུ་རིན་པོ་ཆེའི་ཕྲིན་ལས་གཉིས་མེ་དང་མེའི་ཚ་བ་བཞིན་དུ་འབྲལ་ཐབས་མེད་པ་ཡིན་པར་གསལ་འདུག་པས་ཀྱང་གུ་རུ་རིན་པོ་ཆེའི་ཐུགས་རྗེ་སྐུལ་རྒྱུ་གལ་ཆེ་ཡིན།

ཡང་སྒོས་སུ་༸གོང་ས་ལྷ་མིའི་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ཕེབས་མ་ཐག་ཏུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་གྱི་གཙོ་བོར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ལུང་བསྟན་ལྟར་གུ་རུ་རིན་པོ་ཆེའི་སྐུ་སྤུས་ལེགས་གསར་བཞེངས་གནང་བ་མ་ཟད། བཞུགས་སྒར་ནས་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་དབུ་ཚུགས་ནས་ད་ལྟའི་ཆར་འཛམ་གླིང་གང་སར་བོད་རིགས་གནས་སྡོད་མང་ཆེ་བ་ལ་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཚོགས་དང་ཚོགས་མུས་སུ་ཡིན་པ་སྟེ། རྒྱུ་མཚན་འདི་དག་བརྟེན་ནས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐེ་སྡོད་བོད་རིགས་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ལོ་ཤས་སྔོན་ནས་གུ་རུའི་འབུམ་ཚོགས་ཆེན་མོ་དབུ་འཛུགས་ཞུས་ཟིན་པ་ལྟར། འདི་ལོར་གུ་རུའི་འབུམ་ཚོགས་ཐེངས་ལྔ་པ་ཆགས་ཀྱི་ཡོད།

དེའི་རིང་ཡང་བོད་བརྒྱུད་རིས་མེད་ཆོས་བརྒྱུད་ཀྱི་དགེ་འདུན་མང་པོ་མཉམ་ཞུགས་ཚད་མཐོན་པོ་གནང་ཡོད་ལ། ཚོགས་འབུམ་འདིའི་དགོས་དམིགས་གཙོ་བོ་ནི། རྒྱལ་བསྟན་སྤྱིར་དང་བྱེ་བྲག་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་ཀུན་གྱི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོ་འདི་ལོར་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་ཡང་འཁེལ་ཡོད་པས། ༧སྐྱབས་མགོན་རིན་པོ་ཆེ་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཐམས་ཅད་སྐུ་ཚེ་ཡུན་ཏུ་བརྟན་པ་དང་། དེ་དག་གི་ནུས་མཐུ་ལ་བརྟེན་ནས་འཛམ་གླིང་ཞི་བདེ་ཡོང་བ། ལྷག་པར་དུ་བོད་དང་ཐེ་ཝན་གྱིས་མཚོན་པའི་འཛམ་གླིང་ཡུལ་གྲུ་མཐའ་དག་བདེ་དགའ་རྒྱ་མཚོའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་སོགས་ཐུགས་སྨོན་གནང་རོགས། ཞེས་སོགས་གསུང་བཤད་ཟབ་རྒྱས་གནང་།

མཇུག་ཏུ། ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དཀོན་མཆོག་ལྷག་པ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས། ལོ་འདིའི་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་ལྔ་པ་ལེགས་པར་གྲུབ་ཡོད།
གནས་ཚུལ་ཡོང་ཁུངས། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་།