དགུང་ལོ་༡༡༣ ལྷག་ལ་བཞུགས་དགོས་པ་དེ་༧གོང་ས་མཆོག་ཡིན་ཞེས་བཀའ་ཤག་ནས་ཞུ་ཡི་ཡོད།

༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ནང་ད་ལྟ་བར་བོད་རྒྱལ་ཁབ་ལ་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཡོད་པ་མ་རེད། སྤྱན་རས་གཟིགས་དང་བོད་ཁ་བ་ཅན་གཉིས་ཀྱི་འབྲེལ་བ་དེ་འབྲལ་ཐབས་མེད་པ་རེད། ང་ཚོ་བཙན་བྱོལ་ལ་འབྱོར་ནས་མང་གཙོ་ཟེར་ནའང་རེད། སྨྲ་བརྗོད་རང་དབང་ཟེར་ནའང་རེད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེ་ཁ་ལ་ཁུར་ནས་༧གོང་ས་མཆོག་ལ་ཟུར་ཟ་བྱས་ན་མཐའ་གཅིག་ཏུ་ནོར་བ་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་སྲིད་སྐྱོང་གིས་གསུངས་སོང་།

ཟླ་འདིའི་ཚེས་ ༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་༥༨ པའི་གཞུང་འབྲེལ་མཛད་སྒོ་འཚོགས་ཏེ། དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་རྣམ་པ། མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་ཕྱི་ལོ་༡༩༦༠ ནས་༢༠༡༡ བར་གསུམ་བཅུའི་དུས་དྲན་སྐབས་སོ་སོར་བསྩལ་བའི་གསུང་འཕྲིན་བོད་དབྱིན་སྐད་ཡིག་གཉིས་ཐོག་ཕྱོགས་སྒྲིག་ཞུས་པའི་དེབ་སྲིད་སྐྱོང་བློ་བཟང་སེང་གེས་དབུ་འབྱེད་གནང་ཡོད་པ་རེད།

དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨི་ཊ་ལི་རྒྱལ་ཁབ་ཀྱི་ལྷོ་ཊི་རོལ་གྱི་རང་སྐྱོང་གི་སྲིད་འཛིན་སྐུ་ཞབས་ ཨར་ནོ་ཀོམ་པེ་སི་ཆར་

(Dr Arno Kompatscher) དང་། ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སྐུ་ཞབས་མཱེ་ཆེལ་རཱ་ཞོན་(Michel Raison) ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཁོ་སི་ལོ་(Consiglio) བཅས་ཕེབས་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱངས་བྱས་པའི་ནང་གསུམ་བཅུའི་དུས་དྲན་བྱུང་རིམ་སྐོར་འཁོད་དོན། “དེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་༡༩༥༩ ལོར་བོད་ཆོལ་ཁ་གསུམ་གྱི་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གཞུང་གི་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་ནས་ལོ་༥༨ འཁོར་བའི་དུས་དྲན་གྱི་ཉིན་མོ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་འདས་གསོན་ཡོངས་ལ་རྗེས་དྲན་དང་། རྒྱ་དམར་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་འོག་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་སོང་བ་དང་བོད་ཀྱི་དགོན་སྡེ་བརྒྱ་ཆ་༩༨ ལྷག་ལ་གཏོར་བཤིག་སོགས་བཏང་བ་བཅས་ལ་དྲན་གསོ་ཞུ་རྒྱུའི་དུས་ཚིགས་ཤིག་ཡིན་ཞེས་དང་།” “དེ་རིང་ནི་ཕྱོགས་གཅིག་ནས་མྱ་ངན་བྱེད་དགོས་པ་ཞིག་ཡིན་ནའང་ཕྱོགས་གཞན་ནས་སྤོབས་པ་བྱེད་དགོས་པའི་དུས་ཚིགས་ཤིག་ཀྱང་ཡིན། དེ་ནི་ཕྱི་ལོ་ ༡༩༥༩ ལོར་དེ་རིང་གི་ཉིན་མོ་འདིར་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་རྒྱ་དམར་གཞུང་གིས་བོད་ས་ཡོངས་ལ་བཙན་དབང་གདུག་རྩུབ་བྱས་པ་ལ། “བོད་ནི་བོད་མིའི་ཡིན། ཏཱ་ལའི་བླ་མའི་དབང་ཆར་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས།” ཞེས་སོགས་ཞི་བའི་སྒོ་ནས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་ཡོད་”ཅེས་འཁོད་ཡོད་པ་རེད།

གཏམ་བཤད་ནང་བོད་ནང་གི་གནས་སྟངས་སྐོར་འཁོད་དོན། “བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སླེབས་ཉེའི་སྐབས་ལྷ་ས་ནི་ཧ་ཅང་དམ་བསྒྲགས་ཀྱི་གནས་སྟངས་འོག་ཡོད། དེ་ཡང་འདི་ཟླའི་ཚེས་༣ ཉིན་དྲག་ཆས་སྤྲས་པའི་དཔོན་དམག་༥༠༠༠ ཙམ་དང་། དམག་མིའི་རླངས་འཁོར་སྟོང་ཕྲག་ཉེ་བ་རུ་སྒྲིག་བཏང་ནས་ལྷ་སའི་གྲོང་ཁྱེར་གཡུལ་ས་ལྟ་བུར་བསྒྱུར་ཏེ་བོད་མི་རྣམས་འཇིགས་དངངས་ཆེན་པོའི་ངང་གནས་བཞིན་ཡོད། འདས་པའི་དུས་རབས་ཕྱེད་ལྷག་ནང་བོད་མི་རྣམས་ནས་རྒྱ་གཞུང་གི་གདུག་རྩུབ་དང་དྲག་གནོན་གྱི་སྲིད་བྱུས་འོག་དཀའ་སྡུག་ཇི་ཙམ་མྱོང་དགོས་བྱུང་མིན་ལ་མ་ལྟོས་པར། བོད་རང་དབང་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་སོགས་བློས་བཏང་དང་། ལྷག་པར་ཕྱི་ལོ་༢༠༠༩ ནས་ད་བར་བོད་ནང་བོད་མི་༡༤༥ ཡིས་གཞན་ལ་འཚེ་བ་མ་བྱས་པར་རང་ལུས་མེར་བསྲེགས་བཏང་སྟེ་ “བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།” ཞེས་བོད་མིའི་མངོན་འདོད་གསལ་འདོན་བྱས་ཡོད། མདོ་དོན་གཞིས་བཞུགས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་ལྷག་བསམ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། བོད་མིའི་རང་དབང་འཐབ་རྩོད་འདི་བཞིན་འཚེ་མེད་ཞི་བའི་ཐོག་ནས་རྒྱུན་སྐྱོང་ཐུབ་པ་མ་ཟད་གནས་ཚད་ཀྱང་གོང་མཐོར་གཏོང་ཐུབ་པ་བྱུང་ཡོད། དེར་བརྟེན་འཛམ་གླིང་གི་རྒྱལ་ཁབ་མང་པོའི་དབུ་འཁྲིད་དང་གཞུང་མང་བཅས་ནས་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཇེ་མཐོར་འགྲོ་བཞིན་ཡོད་”ཅེས་རྒྱལ་ཁབ་ཁག་གིས་བོད་དོན་རྒྱབ་སྐྱོར་གནང་སྐོར་འཁོད་ཡོད་པ་རེད།

རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་ཇུས་སྐོར་འཁོད་དོན། “སྲིད་འཛིན་ཞི་ཅིན་ཕིང་གིས་གཙོས་རྒྱ་ནག་གི་དབུས་སའི་འགོ་འཁྲིད་ཚོས་རྒྱ་ནག་བརྟན་ལྷིང་ཡོང་བར་མཐའ་མཚམས་སྲུང་སྐྱོབ་དགོས་པ་དང་། མཐའ་མཚམས་སྲུང་སྐྱོབ་ཡོང་བར་བོད་ལ་བརྟན་ལྷིང་དགོས་སྐོར་དང་། ཡང་། “བདེ་སྤྲོད་བདེ་ལེན་”ཞེས་བདེ་སྐྱིད་དགོས་ན་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར་བའི་སྲིད་བྱུས་བཟུང་སྟེ་བོད་ས་ཡོངས་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཟེར་བའི་ལས་དོན་སྙན་ཐོའི་ནང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ་ཉེས་དོན་ཉེས་གསོག་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་བཏང་ཡོད་སྐོར་དང་། དེ་ཡང་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་འདས་ལོར་མི་གྲངས་ ༡༤༤༦ འཛིན་བཟུང་དང་། མི་གྲངས་༡༧༩༣ ལ་ཁྲིམས་གཏུགས་བྱས་ཡོད་པ་ཡོངས་གྲགས་བྱས་ཡོད་”ཅེས་བོད་ནང་གི་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་བཏོང་སྐོར། བོད་ནང་དུ་ཆོས་ཀྱི་བྱེད་སྒོ་ཁག་ཅིག་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱས་སྐོར་འཁོད་ཡོད་པ་རེད།

“ཀུན་གྱིས་མཁྱེན་གསལ་ལྟར་འཛམ་གླིང་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་གྲས་རྒྱ་རིགས་ཡིན། འོན་ཀྱང་བོད་མི་དཀྱུས་མ་ལྟ་ཞོག་གཞུང་གི་ལས་བྱེད་ཡིན་པ་ཚོར་ཡང་ཕྱི་རྒྱལ་ཡུལ་ཁག་ཏུ་ཡུལ་སྐོར་འགྲོ་རྒྱུ་དང་། དེ་བཞིན་གཉེན་འཕྲད། ཐ་ན་ནང་པའི་གནས་ཆེན་ཁག་ཏུ་གནས་མཇལ་འགྲོ་རྒྱུར་ཡང་རྒྱ་ནག་གཞུང་ནས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་བྱེད་ཀྱི་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་བོད་ཀྱི་ས་ཆ་ནང་ཁུལ་དུ་གཉེན་འཕྲད་དང་གནས་སྐོར་སོགས་སུ་འགྲོ་རྒྱུར་ཡང་བཀག་འགོག་དང་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་”ཅེས་བོད་ནང་གི་འགྲོ་བསྐྱོད་དཀའ་ངལ་སྐོར་དང་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་བཀག་འགོག་དང་དམ་དྲག་བྱས་སྐོར་འཁོད་ཡོད་པ་རེད།

“དོན་སྙིང་བོད་མིའི་ཐོག་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པའི་སྲིད་བྱུས་འདི་ནི་རྒྱ་ནག་གཞུང་གི་རིག་གནས་གསར་བརྗེ་ཟེར་བ་དེ་མཇུག་བསྒྲིལ་ནས་ད་ཆ་ལོ་༤༠ སོང་བའི་རྗེས་སུ་སླར་ཡང་བསྐྱར་སློང་བྱེད་པ་ལྟ་བུ་ཆགས་ཡོད། དེར་བརྟེན་རྒྱ་གཞུང་གི་འགོ་འཁྲིད་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་རྒྱ་ནག་གི་དམར་ཚོགས་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་གིས་བོད་ཐོག་བཟུང་བའི་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་དང་། ༸གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་དོན་འགྲིག་འཇགས་ཡོང་རྒྱུར་༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་མཐུད་ཡོང་བར་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་ཡིན་”ཞེས་འཁོད་འདུག

གཏམ་བཤད་དེའི་ནང་མ་འོངས་པར་བཙན་བྱོལ་ལས་དོན་བྱེད་ཕྱོགས་སྐོར་འཁོད་དོན། “༸གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་རིམ་ཕེབས་བཞིན། བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་འོག་ནས་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་། འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་མིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་བྱས་ཏེ་བོད་མིའི་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུ་ཡིན། འོན་ཀྱང་བོད་མིའི་རྩ་དོན་ལ་གནོད་གཞི་༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་རྒྱ་ནག་གཞུང་གི་རྒྱུགས་ཁྱིའམ་དོལ་རྒྱལ་རྗེས་འབྲང་པ་ཁ་ཤས་ཀྱི་གཙོས་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་བོད་མི་རེ་ཟུང་ཡོད་པ་ཚོའི་ཐ་ཤལ་གྱི་བྱེད་བབ་དེ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་གདོང་ལེན་བྱེད་རྒྱུ་ཡིན། བྱེད་བབ་དེ་རིགས་ནི་བོད་མི་ནང་ཁུལ་དཀྲུགས་ཤིང་དང་། དགྲ་དགའ་གཉེན་སྡུག་ཡོང་གཞི་ཡིན་པས་མཚམས་འཇོག་ངེས་པར་བྱེད་དགོས་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན་”ཞེས་དང་།

སྲིད་སྐྱོང་གིས་གསུང་དོན། “བོད་མིའི་སྤྱི་ཚོགས་ནང་བོད་མི་ཉུང་ཤས་༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་ཡོང་གི་ཡོད་པ་རེད། ཉེ་ཆར་ཨ་རིའི་མཐོ་སློབ་ཀྱི་དགེ་རྒན་ཞིག་འདས་གྲོངས་སོང་སྐབས། བོད་མི་ཞིག་གིས་རྩོམ་བྲིས་པའི་ནང་ལོ་༡༡༣ ལ་སྡོད་དགོས་མཁན་དེ་མཐོ་སློབ་ཀྱི་དགེ་རྒན་ཡིན་ཞེས་བྲིས་ཡོད་རེད། བོད་མི་ཡིན་པའི་ཆ་ནས་བཀའ་ཤག་ཡིན་པའི་ཆ་ནས་༧གོང་ས་མཆོག་ལ་དེ་འདྲ་ཟུར་ཟ་གནང་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཁོ་རང་གིས་རྩོམ་བྲིས་པ་དེ་ཐབས་སྐྱོ་པོ་རེད། དེ་འདྲ་བྲིས་པའི་རྐྱེན་གྱིས་བོད་མིའི་སྤྱི་ཚོགས་ནང་བརྡབ་གསིག་འགྲོ་བ། དཀྲོག་གཏམ་སྤེལ་བ། དགྲ་དགའ་གཉེན་སྡུག་ཆགས་ཡོང་གི་རེད། ཁ་ལ་སྨྲ་བརྗོད་རང་དབང་ཁུར་ནས་༧གོང་ས་མཆོག་ལ་ཟུར་ཟ་བྱས་ན་འགྲིག་གི་མ་རེད། ཨ་རི་ཡིན་ན་སྨྲ་བརྗོད་རང་དབང་ཡོད་རེད། དེ་གཞིར་བཟུང་ཨ་རིའི་རྒྱལ་དར་མེར་སྲེག་དང་ཆོས་ལུགས་ཀྱི་དཔེ་ཆ་མེར་སྲེག་བཏང་ཆོག་གི་རེད། ཡིན་ཡང་རྒྱ་གར་གྱི་སྨྲ་བརྗོད་རང་དབང་ནང་རྒྱལ་དར་མེར་སྲེག་གཏོང་བ་དང་དུག་ལོག་བཟོ་བ་ཕར་ཞོག རྒྱལ་དར་བཤམ་སྟངས་ནོར་ན་ཡང་ཁྲིམས་གཏུག་བྱེད་ཀྱི་ཡོད་རེད། རྒྱ་གར་ནང་དཔེ་ཆ་མེར་སྲེག་བཏང་ན་རྙོག་གྲ་ཆེན་པོ་ཆགས་ཀྱི་ཡོད་རེད། སྨྲ་བརྗོད་རང་དབང་ཁ་ལ་ཁུར་ནས་ང་ཚོ་བོད་ཀྱི་རྒྱལ་དར་མེར་སྲེག་བཏང་བ་དང་། བཀའ་འགྱུར་བསྟན་འགྱུར་མེར་སྲེག་བཏང་ན་ང་ཚོས་ཁས་ལེན་ཐུབ་ས་རེད་པེ། ཁས་ལེན་ཐུབ་ཀྱི་མ་རེད། སྨྲ་བརྗོད་རང་དབང་ལ་མཚམས་ཡོད་རེད། ༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ནང་ད་ལྟ་བར་བོད་རྒྱལ་ཁབ་ལ་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཡོད་པ་མ་རེད། སྤྱན་རས་གཟིགས་དང་བོད་ཁ་བ་ཅན་གཉིས་ཀྱི་འབྲེལ་བ་དེ་འབྲལ་ཐབས་མེད་པ་རེད། ང་ཚོ་བཙན་བྱོལ་ལ་འབྱོར་ནས་མང་གཙོ་ཟེར་ནའང་རེད། སྨྲ་བརྗོད་རང་དབང་ཟེར་ནའང་རེད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེ་ཁ་ལ་ཁུར་ནས་༧གོང་ས་མཆོག་ལ་ཟུར་ཟ་བྱས་ན་མཐའ་གཅིག་ཏུ་ནོར་བ་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་”ཅེས་དང་།

སྲིད་སྐྱོང་གིས་མུ་མཐུད་གསུང་དོན། “ཁ་ཤས་ཀྱིས་ཨ་རིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་ལ་སྐྱོན་བརྗོད་ཆོག་གི་འདུག ང་ཚོའི་དབུ་ཁྲིད་༧གོང་ས་མཆོག་ལ་མཚན་སྨོད་བྱས་མ་ཆོག་པ་ག་རེ་རེད་འདྲི་མཁན་འདུག ཨ་རིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་གྱིས་དང་དུ་བླངས་ནས་ང་ལངས་ཀྱི་ཡིན། མི་མང་ལ་ཞབས་ཞུ་ཞུ་ཡིན་ཞེས་ཡོང་བ་རེད། འགྲིག་ན་བསྔགས་བརྗོད་དང་མ་འགྲིག་ན་སྐྱོན་བརྗོད་ཡོང་གི་རེད། མ་གཞི་ནས་འགྲིག་ནའང་སྐྱོན་བརྗོད་བྱེད་གི་རེད། ༧གོང་ས་མཆོག་ཡིན་ན་ཆུང་དུས་རང་དབང་མེད་པར་ཨ་མདོ་སྟག་འཚེར་ནས་སྐུ་ཕྲེང་༡༤ པར་བོད་གཞུང་གིས་ངོས་འཛིན་བྱས་ཏེ། ལྷ་སར་ཁྲི་སྟོན་བྱས་རེད། རྗེས་སུ་དགུང་ལོ་༡༦ སྐབས་རྒྱ་མིའི་དམག་མི་བོད་ལ་སླེབས་ཏེ་ཛ་དྲག་སྐབས། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རོགས་ཞེས་ཡར་ཕུལ་རེད། དགུང་ལོ་༢༠ རྩ་གྲངས་སྐབས་རྒྱ་མིས་བོད་བཙན་བཟུང་བྱས་ནས་ཡར་རྒྱ་གར་སླེབས་དུས་ང་ཚོར་གང་ཡང་ཡོད་མ་རེད། ཁོང་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་འཛམ་གླིང་ནང་སྤོབས་པའི་འགྲོ་ཐུབ་པ་དེ་རེད། བཀའ་དྲིན་དེ་མ་བརྗེད་པའི་ཐོག་ནས་དུས་རྟག་ཏུ་བརྩི་བཀུར་དད་གུས་དགོས་ས་དང་། དགུང་ལོ་༡༡༣ ལྷག་ལ་བཞུགས་དགོས་པ་དེ་༧གོང་ས་མཆོག་ཡིན་ཞེས་བཀའ་ཤག་ནས་ཞུ་ཡི་ཡོད་”ཅེས་གསུངས་སོང་།

“ཕྱི་ལོ་༢༠༡༧ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་ལས་འགུལ་གྱི་ལོར་སྲུང་བརྩི་བྱེད་རྒྱུ་ཡིན་པ་ལྟར་བོད་ནང་གི་ཛ་དྲག་གནས་སྟངས་སོགས་རྒྱལ་སྤྱིའི་ནང་ངོ་སྤྲོད་དང་གོ་རྟོགས་རྒྱ་གང་ཆེ་སྤེལ་བའི་ཐོག་ནས་རྒྱབ་སྐྱོར་སྔར་ལྷག་ཡོངས་ཐབས་བྱེད་རྒྱུ་ཡིན། དེ་བཞིན་ཕྱི་ལོ་ ༢༠༡༨ ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༦༠ འཁོར་བའི་དྲན་གསོའི་དུས་ཚིགས་ཤིག་ཡིན་ན། རྒྱ་བལ་འབྲུག་གསུམ་གཙོ་གྱུར་བོད་མི་གནས་སྡོད་བྱ་ཡུལ་གྱི་རྒྱལ་ཁབ་ཁག་གི་ནང་བཀའ་དྲིན་རྗེས་དྲན་གྱི་ངོ་བོར་སྲུང་བརྩི་ཞུ་རྒྱུ་ཡིན་”ཞེས་སོགས་འཁོད་འདུག
“༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཇི་ཕེབས་ལྟར་གཞིས་བྱེས་བོད་མི་ཚོས་རང་གཞན་གཉིས་ཕུང་གི་རྒྱུ་ཆང་རག་ཚོད་མེད་འཐུང་བ་དང་། རྒྱན་རྩེད་བྱེད་པ་སོགས་བག་མེད་ཀྱི་བྱ་སྤྱོད་རིགས་སྤོང་དགོས་པ་དང་། དེའི་ཚབ་ཏུ་རང་གི་བུ་ཚའི་ཤེས་ཡོན་ཐོག་འགྲོ་གྲོན་གཏོང་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་དང་། རང་རིགས་དཔལ་འབྱོར་གྱི་གནས་བབ་བཟང་པོ་ཡོད་མཁན་ཚོས་ཀྱང་སོ་སོའི་བུ་ཚ་དང་མི་རིགས་ཀྱི་ཤེས་ཡོན་ཐོག་འགྲོ་གྲོན་གཏོང་གནང་ཡོང་བའི་འབོད་སྐུལ་བྱེད་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།

གསུམ་བཅུའི་དུས་དྲན་ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱི་སྒྲོག་སྦྱངས་གནང་བའི་ནང་འཁོད་དོན། “བོད་དང་རྒྱ་ཞེས་པ་ནི་རྒྱལ་རབས་ལོ་རྒྱུས་དང་། ས་ཁམས། མི་རིགས། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་གང་ཐད་ནས་ཡོངས་སུ་ཐ་དད་ཡིན་པ་ཀུན་གྱི་མཐོང་ཆོས་སུ་ཡོད་ཀྱང་། རྒྱ་ནག་དམར་པོའི་དཔུང་ཤུགས་བོད་ནང་བཙན་འཛུལ་གྱིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཧམ་བཟུང་བྱས་པས་མ་ཚད། བོད་མི་འབུམ་ཕྲག་མང་པོ་དམར་བསད་དང་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་བ་དང་། བོད་ཀྱི་ཆོས་དང་། རིག་གཞུང་རྩ་མེད་དང་། ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་སོགས་བཟོད་ཐབས་བྲལ་ཏེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། རྒྱ་དམར་གྱི་དབང་བསྒྱུར་འོག་གི་སྲིད་བྱུས་གདུག་རྩུབ་ཅན་ལག་བསྟར་བྱེད་བཞིན་པ་ཁག་ལ་ད་ལྟའི་མི་རབས་འཚར་ལོངས་ཡོང་བཞིན་པ་རྣམས་ཀྱིས་ཀྱང་འདོད་མོས་མེད་པའི་ཞི་རྒོལ་རིམ་པར་སྤེལ་བཞིན་ཡོད་”ཅེས་འཁོད་འདུག

“ད་ལྟའི་སྐབས་སུའང་བོད་ཀྱི་བདག་པོ་བོད་མི་ཚོར་ཆབ་སྲིད་དང་། ཆོས་དད། སྐད་ཡིག རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་རང་དབང་མེད་སྟབས་དགོས་འདུན་གྱི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་མཁན་བོད་མི་རྣམས་ལ་ནག་མེད་ཉེས་འགེལ་ཐོག་འཇུ་བཟུང་བཙན་འཁྲིད་ཀྱིས་སྲོག་ཐོག་དང་། དུས་བཀག་བཙོན་འཇུག་སོགས་སྡུག་སྦྱོང་མནར་གཅོད་རྒྱུན་ཆད་མེད་པར་བཏང་དང་གཏོང་བཞིན་ཡོད་”ཅེས་སོགས་བོད་ནང་གི་དཀའ་ངལ་སྐོར་འཁོད་ཡོད་པ་རེད།

“བར་ལམ་ནས་བཟུང་བོད་མིའི་ཆོས་དད་རང་དབང་ལ་ཧ་ཅང་གི་གཏོར་བཤིག་དང་འགོག་རྐྱེན་ཆེན་པོའི་སྲིད་བྱུས་ལག་བསྟར་བྱ་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༧ ཟླ་བ་དང་པོའི་ནང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བཀའ་དྲིན་སྩལ་སྐབས་སུ་གཞིས་ལུས་བོད་མི་ཆོས་ཞུར་བཅར་འདུན་ཡོད་པ་ཁྱོན་ཆེར་ལག་ཁྱེར་མ་སྤྲད་པ་དང་། ལག་ཁྱེར་སྤྲད་ཟིན་པ་ཉུང་ཤས་ཡོད་པ་རྣམས་ལའང་ས་ཁང་སོགས་ཐོབ་ཐང་བཙན་འཕྲོག་བྱ་རྒྱུ་ཡིན་གནས་དང་། ཕྱིར་ལོག་མ་བྱས་ཚེ་ནང་མི་དང་ཁག་ཐེག་བྱེད་མི་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སྡིགས་སྐུལ་ཉེན་བརྡ་བཅས་བཏང་སྟེ་འགོག་རྐྱེན་དང་བློ་ཕམ་ཚད་མེད་བཟོས་ཡོད་”ཅེས་དང་། རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་དང་རྒྱ་ནག་འོག་གི་བོད་མིའི་དཀའ་ངལ་སོགས་འཁོད་འདུག

དེ་བཞིན་གྲོས་ཚོགས་ཀྱི་གཏམ་བཤད་ནང་འཁོད་དོན། “ཕྱི་ལོ་༢༠༡༧ ཟླ་༡ ཚེས་༡༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་པར་གྲུབ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་ནས་དགུང་གྲངས་བརྒྱ་ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པར་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། རང་རིགས་བོད་མི་རྣམས་དམ་ཚིག་གཟོང་ཁ་ཆིག་སྒྲིལ་གྱིས་མགོན་པོ་གང་གི་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་བོད་མིའི་ལས་འགན་གལ་ཆེ་ཞིག་ཡིན་པས་ངོ་ལྐོག་མེད་པར་རང་འགན་རང་སྲུང་གིས་བོད་མིའི་འཐབ་རྩོད་དང་། སྤྱི་ཚོགས་ཀྱི་ཆེ་མཐོང་སོགས་གང་སར་ཞན་ཆར་མི་འགྲོ་བར་དུས་རྟག་ཏུ་འབད་བརྩོན་གནང་དགོས”ཞེས་སོགས་འཁོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།