དངུལ་རྐྱང་འབུམ་གསུམ་ལས་མང་བ་གཏོང་ལེན་བྱས་ན་ཆད་པ་གཅོད་འཆར།

རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་སྐུ་ཞབས་ཨ་རུན་ཇེ་ཀྲེ་ལི་ཡིས། རྒྱ་གར་དབུས་གཞུང་གིས་མི་སུས་ཧིན་སྒོར་དངུལ་རྐྱང་འབུམ་༣ ལས་མང་བ་གཏོང་ལེན་བྱས་ཚེ། དངུལ་འབོར་དེའི་བརྒྱ་ཆ་༡༠༠ ཆད་པ་གཅད་རྒྱུའི་ཐག་གཅོད་བྱུང་སྐོར་བརྗོད་ཡོད་འདུག

16521661_1404158202941378_2072258062_nདེ་ཡང་ཟླ་འདིའི་ཚེས་༥ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་ལྟའི་ཆར་རྒྱ་གར་གྱི་གྲོས་ཚོགས་ནང་དངུལ་རྩིས་ཀྱི་ལས་རིམ་འགྲོ་བཞིན་པ་དང་བསྟུན། དཔལ་འབྱོར་བློན་ཆེན་གྱིས་མི་ཞིག་གིས་ཉིན་གཅིག་རིང་ངམ། དངུལ་གཏོང་ལེན་ཐེངས་གཅིག ཡང་ན་དུས་སྐབས་གཅིག་དང་འབྲེལ་ནས་ཧིན་སྒོར་དངུལ་རྐྱང་འབུམ་༣ དང་དེ་ལས་མང་བ་བླངས་མི་ཆོག་པ་དེ། རྒྱ་གར་གྱི་དཔྱ་ཁྲལ་ཡོང་འབབ་ཀྱི་ཁྲིམས་ནང་སྣོན་དགོས་པའི་གྲོས་ཆོད་བཏོན་ཡོད་འདུག

རྒྱ་གར་གྱི་དཔྱ་ཁྲལ་ཡོང་འབབ་ལས་ཁང་གི་དྲུང་ཆེས་བརྒྱུད་ལམ་ཁག་ཏུ། དངུལ་རྐྱང་འབུམ་༣ ལས་མང་བ་གཏོང་ལེན་བྱས་ཚེ། དངུལ་ལེན་མཁན་དེར་ཆད་པ་དངུལ་འབོར་དེའི་བརྒྱ་ཆ་༡༠༠ ཆད་པ་གཅད་རྒྱུ་ཡིན་པ་དང་། གལ་ཏེ་མི་ཞིག་གིས་ཚོང་ཁང་སོགས་ལ་ཆུ་ཚོད་རིན་གོང་ཆེན་པོ་ཞིག་ཉོས་དུས། འབུམ་༣ ལས་མང་བའི་དངུལ་རྐྱང་སྤྲད་ནས་ཚོང་བདག་གིས་དངུལ་འབོར་བླངས་པ་ཡིན་ན། ཚོང་བདག་དེར་ཆད་པ་འཕོག་རྒྱུ་ཡིན་པ། དེ་ལྟར་བྱེད་དགོས་དོན་ནི་མི་མང་ཚོས་དངུལ་རྐྱང་གི་གཏོང་ལེན་ཤུགས་ཆེན་མི་བྱེད་པ་དང་། དཔྱ་ཁྲལ་གཡོལ་བའི་དངུལ་རྐྱང་འཕོན་ཆེན་ལྐོག་ཉར་བྱེད་མི་ཐུབ་པ་བཟོ་ཆེད་ཡིན་སྐོར་བརྗོད་ཡོད་འདུག

འོན་ཀྱང་གཞུང་དང་དངུལ་ཁང་ཁག སྦྲག་ཁང་གི་དངུལ་ཁང་། མཉམ་སྦྲེལ་གྱི་དངུལ་ཁང་སོགས་ལ་ཆད་པའི་སྒྲིག་ཁྲིམས་དེ་མེད་པ་དང་། སྒྲིག་ཁྲིམས་དེ་ཟླ་༤ པའི་ཚེས་༡ ཉིན་ནས་ལག་ལེན་བསྟར་འགོ་ཚུགས་རྒྱུ་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།