དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཉི་འོང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་དཱ་ཡུ་ཆི་རཱོ་མཆོག་དང་ལྷན་མཇལ་འཕྲད་གནང་བ།

ཉེ་ཆར་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་༦༤ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ཏུ་ཉི་ཧོང་གི་གྲོས་ཚོགས་འཐུས་མི་(Wada Yuchiro) ཕེབས་ཡོད་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ཚེས་༥ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། ཚེས་༣ ཉིན་གྱི་སྔ་དྲོ། ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་རྣམ་གཉིས་ནས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་དཱ་ཡུ་ཆི་རཱོ་(Wada Yuchiro)དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སོགས་ཀྱི་ཐོག་བཀའ་བསྡུར། ཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་སོགས་འཇོག་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག 

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་དཱ་ཡུ་ཆི་རཱོ་གཞུང་འབྲེལ་མང་གཙོའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་ཕེབས་ཏེ་གསུང་བཤད་གནང་བ་དང་། དེ་བཞིན་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་(Yamatani Eriko) ཡི་གསུང་འཕྲིན་སྒྲོགས་སྦྱང་གནང་བ། ལྷག་པར་དུ། འདི་ལོའི་ཕྱི་ཟླ་༦ པའི་ནང་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་བསྐོང་ཚོགས་གནང་སྐབས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ། ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པས་མཐུན་འགྱུར་རྒྱབ་སྐྱོར་གང་ཐུབ་གནང་བར་ཐུགས་རྗེ་ཞུས་པ་དང་སྦྲགས། ཉི་ཧོང་ནི་ཨེ་ཤི་ཡའི་རྒྱལ་ཁབ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། བོད་དོན་ཐོག་ཉི་ཧོང་གིས་རྒྱབ་སྐྱོར་མཚོན་ཐུབ་པའི་གནས་བབས་དེས་བོད་ཕྱི་ནང་གཉིས་ལ་སེམས་ཤུགས་སྐྱེད་གཞི་ཞིག་ཆགས་ཡོད་སྐོར་དང་། ཕྱི་ལོ་༡༩༦༠ ཟླ་བ་༩ ཚེས་༢ ཉིན། ༧གོང་ས་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་གནང་བ་ནས་བཟུང་། ད་བར་འགྱུར་བ་ཇི་བྱུང་སྐོར་ངོ་སྤྲོད་སྙིང་བསྡུས། ༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས། ཕྱིའི་རྒྱལ་ཁབ་ཐོག་མ་ཉི་ཧོང་ལ་ཆིབས་བསྒྱུར་བསྐྱངས་པའི་སྐོར་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཤིག་ཡིན་སྐོར་སོགས་ཉི་ཧོང་དང་། བོད་པའི་དབར་གྱི་འབྲེལ་བའི་སྐོར་ལ་གསུངས་རྗེས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་བཅས་ཞུས་ཡོད་འདུག 

པར། བོད་མིའི་སྒྲིག་འཛུགས།

དཔལ་ལྡན་ཚོགས་གཞོན་མཆོག་གིས་མང་གཙོའི་དུས་ཆེན་སྲུང་བརྩིའི་སྐབས་ཀྱི་ཚོར་བ་དང་འབྲེལ་ཏེ། བཙན་བྱོལ་ནང་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོར་དགའ་སྤྲོའི་ངང་མང་གཙོའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡོད་ཀྱང་། བོད་ནང་རྒྱ་ནག་དམར་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་གཞིས་བཞུགས་བོད་མི་རྣམས་ལ་རང་དབང་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དེ་ཧ་ཅང་གི་སེམས་སྐྱོ་དགོས་པའི་གནས་སྟངས་ཤིག་ཡིན་སྐོར་དང་། དེ་བཞིན་མང་གཙོའི་ལམ་ལུགས་ནང་བསམ་ཚུལ་མི་མཐུན་པ་དང་འདོད་ཚུལ་མི་འདྲ་བ་ཡོང་ངེས་ཡིན་ཡང་། མི་མང་གི་མངོན་འདོད་གཞིར་བཞག་གི་མཐའ་མ་བབ་ས་གཅིག་ལ་སླེབས་ཐུབ་ཀྱི་ཡོད་དུས། བསམ་ཚུལ་མི་མཐུན་པ་དེ་ཡང་མང་གཙོའི་རྒྱན་ཆ་ཞིག་ཡིན་སྐོར་སོགས་གསུངས་པ་དང་། ཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་སོགས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་ཡོད་འདུག 

ཉི་ཧོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་དཱ་ཡུ་ཆི་རཱོ་མཆོག་གིས་ཉིན་དེའི་སྔ་དྲོ་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། རང་དབང་དང་། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་ལག་བསྟར་བྱ་རྒྱུ་ནི་སོ་སོའི་ཡུལ་ལུང་ཙམ་མ་ཡིན་པར་ཚང་མར་དགོས་མཁོ་ཆགས་ཀྱི་ཡོད་སྟབས། དེར་འགོག་རྐྱེན་བཟོ་མཁན་ལ་ཚང་མས་མཉམ་རུབ་ཐོག་ནས་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་རྗེས། ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་ (Yamatani Eriko) མཆོག་གི་གསུང་འཕྲིན་ངོ་བཤུས་ཤིག་ཕུལ་ཡོད་འདུག

སྐབས་དེར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ཡང་མཉམ་བཅར་ཞུས་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།