དབྱིན་ཇིའི་གྲོས་ཚོགས་ཀྱིས་ཀྱང་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་དགག་པ་བྱས་འདུག 

དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཞིག་གིས་ལོ་རྗེས་མར་རྒྱ་ནག་ལ་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་འཚོགས་སུ་འཇུག་པ་དེ་སྔོན་ཆད་༡༩༣༦ ལོར་ཇར་མན་གྱི་སྒེར་གཅོད་པ་“ཧི་ཊི་ལར་ལ་བསྟུན་པ་”དང་གཅིག་མཚུངས་ཆགས་ཡོད་ཅེས་བརྗོད་འདུག 

ཕྱི་ཟླ་༧ དབྱིན་ཇིའི་ཚེས་༡༥ ཉིན་དབྱིན་ཇིའི་གྲོས་ཚོགས་ནས་ཀྱང་གལ་སྲིད་རྒྱ་ནག་གཞུང་གིས་“ཤིང་ཅང་གི་གདུག་རྩུབ་མཚམས་འཇོག་”མ་བྱས་པ་ཡིན་ན། དབྱིན་ཇིའི་སྐུ་ཚབ་རྣམས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་གཏོང་མི་ཉན་པའི་སྤྱི་མོས་ཀྱི་གྲོས་ཆོད་ཅིག་བཞག་པའི་ནང་། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་མི་རིགས་རྩ་མེད་བཟོ་མཁན་ཡིན་པའི་ཉེས་འཛུགས་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཏུ་འཚོགས་མི་ཉན་པ་དང་། གལ་སྲིད་རྒྱ་ནག་གིས་གདུག་རྩུབ་ཀྱི་སྲིད་བྱུས་མཚམས་འཇོག་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བཟང་དུ་མ་བཏང་བ་ཡིན་ན། དབྱིན་ཇིའི་སྐུ་ཚབ་རྣམས་རྩེད་འགྲན་ཆེན་མོའི་ནང་མཉམ་ཞུགས་བྱེད་མི་དགོས་སྐོར་བཀོད་ཡོད་འདུག 

གྲོས་ཚོགས་འཐུས་མི་ཌ་ཁན-སི་མི་ཐི་(Sir Lain Duncan Smith) ཡིས་ལོ་རྗེས་མར་རྒྱ་ནག་ལ་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་འཚོགས་སུ་འཇུག་པ་དེ་སྔོན་ཆད་ཇར་མན་གྱི་སྒེར་གཅོད་པ་“ཧི་ཊི་ལར་ལ་བསྟུན་པ་”དང་གཅིག་མཚུངས་ཆགས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག

ཁོང་གིས་“ང་ཚོས་འཇིགས་སུ་རུང་བའི་སྒེར་གཅོད་པ་གཞན་ཞིག་ལ་བསྟུན་དུས་ཅི་ཞིག་བྱུང་བ་དེ་བརྗེད་ཟིན། ང་ཚོས་ཁོ་ཚོ་ལ་བསྟུན་པའི་མཇུག་འབྲས་སུ་མི་ས་ཡ་དྲུག་ཅུ་ཤི་ཡོད་པ་དང་། དེ་རིང་ང་ཚོ་གནས་སྟངས་གཅིག་མཚུངས་ཀྱི་འོག་ཏུ་ཡོད་”ཅེས་བརྗོད་པའི་ཐོག ད་ཐེངས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་རྒྱུ་དེ་མཚོན་རྟགས་ཙམ་མ་ཡིན་པར་དངོས་སུ་བྱ་སྤྱོད་སྤེལ་དགོས་ཞེས་བསྣན་ཡོད་འདུག 

ཐེངས་འདིའི་གྲོས་ཆོད་འདོན་མཁན་གྱི་འཐུས་མི་ཋིམ-ལོ་ཐོན་(Tim loughton) གྱིས་དེ་སྔོན་རྒྱ་ནག་བཟང་ཕྱོགས་སུ་སྒྱུར་ཐབས་ཀྱི་འབད་བརྩོན་ལ་གྲུབ་འབྲས་ཐོན་མེད་ཚུལ་བརྗོད་འདུག་སྟེ། ཁོང་གིས་“རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་(the International Olympics Committee) ནས་རྒྱ་ནག་ལ་རྩེད་འགྲན་ཆེན་མོ་འཚོགས་སུ་བཅུག་ན། འགྲོ་བ་མིའི་ཐོབ་ཐང་བཟང་དུ་འགྲོ་བའི་རྒྱུ་རུ་འགྱུར་བའི་ཁས་ལེན་བྱས་ཏེ་༢༠༠༨ ལོའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་རྒྱ་ནག་ལ་འཚོགས་སུ་བཅུག་ཡོད་”རུང་། དེའི་རྗེས་སུ་ཤིང་ཅང་དུ་མི་རིགས་རྩ་མེད་དང་། བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་དང་དམར་གསོད། ཧོང་ཀོང་གི་སྨྲ་བརྗོད་དང་ཆབ་སྲིད་རང་དབང་རྩིས་མེད་རྡོག་རོལ། དབྱིན་རྒྱའི་གྲོས་མཐུན་རྩིས་མེད་སོགས་བྱུང་ཡོད་པའི་དྲན་སྐུལ་བྱས་འདུག 

བདུན་ཕྲག་སྔོན་མར་ཡུ་རོབ་གྲོས་ཚོགས་ནས་གཅིག་མཚུངས་ཀྱི་གྲོས་ཆོད་ཅིག་བཞག་པའི་ནང་། གལ་སྲིད་རྒྱ་ནག་གིས་བོད་དང་། ཧོང་ཀོང་། ཤར་ཏུར་ཁི་སི་ཐན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བཟང་དུ་མ་བཏང་བ་ཡིན་ན། ཡུ་རོབ་ཀྱི་ཚོགས་མི་རྣམས་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་མཉམ་ཞུགས་བྱེད་མི་དགོས་ཞེས་བརྗོད་ཡོད། 

༢༠༢༢ ལོའི་པེ་ཅིང་གི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཇེ་ཉེར་ཡོང་བཞིན་པ་དང་སྦྲགས། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་ཕྱི་ལོ་ ༡༩༣༦ ལོའི་ཇར་མན་གྱི་རྩེད་འགྲན་ཆེན་མོ་དང་མཚུངས་བསྡུར་བྱས་ཏེ་བཀག་སྡོམ་(boycott) དང་། རྒྱལ་ཁབ་གཞན་དུ་སྤོ་དགོས་པའི་དགོས་འདུན་འདོན་མཁན་གྱི་གྲོས་ཚོགས་དང་། ཚོགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།