དམག་འཁྲུག་གི་ལོ་གཅིག་འཁོར་འདུག
ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་ཡོད་པ་དང་། འདས་པའི་དུས་ཡུན་ལོ་གཅིག་རིང་ཕྱོགས་གཉིས་ཀྱི་དམག་མི་མང་པོ་ཤི་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཡུག་རེན་ལ་ཕྱོགས་ཡོངས་ནས་རོགས་རམ་བྱས་ཡོད་པ། ད་ལྟའི་ཆར་ཨུ་རུ་སུས་ཡུག་རེན་གྱི་ས་ཁྱོན་ག་ཚོད་བདག་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་སྤེལ་འདུག
ཟླ་འདིའི་ཚེས་༢༤ ཉིན་(NBC) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་དུས་ཡུན་ལོ་གཅིག་གི་རིང་ཨུ་རུ་སུའི་དམག་མི་འབུམ་གཅིག་དང་ཡུག་རེན་གྱི་དམག་མི་ཁྲི་གཅིག་དང་གསུམ་སྟོང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཡུག་རེན་གྱི་ཕྲུ་གུ་༤༠༠ གཙོས་པའི་མི་སེར་སྟོང་ཕྲག་བདུན་ལྷག་གྲོངས་ཡོད་པའི་གནས་ཚུལ་སྤེལ་འདུག གནས་ཚུལ་དེ་དག་ནི་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཡུག་རེན་གྱི་དམག་དཔུང་གིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ཤ་སྟག་ལས་ཨུ་རུ་སུ་དང་ཡུག་རེན་གཞུང་ངོས་ནས་ད་བར་དམག་མི་ག་ཚོད་ཀྱི་ཚེ་སྲོག་ཤོར་ཡོད་རབས་གནས་ཚུལ་བརྗོད་ཀྱི་མེད་པ་རེད་འདུག ཨུ་རུ་སུ་དང་ཡུག་རེན་གྱིས་མེ་སྒྱོགས་དང་འབར་རྫས་འཕེན་སྟངས་ལ་བལྟས་ན་ཕྱོགས་གཉིས་ཀྱི་དམག་འཁྲུག་གི་ཁྲོད་དུ་ཚེ་སྲོག་ཤོར་མཁན་གྱི་གྲངས་འབོར་ནི་ལྡབ་ཀྱིས་མང་བ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་ཨུ་རུ་སུས་ཉིན་རེར་མེ་སྒྱོགས་༢༠༠༠༠ ཙམ་དང་། ཡུག་རེན་གྱིས་ཉིན་རེར་མེ་སྐྱོགས་༤༠༠༠ ས་༧༠༠༠ བར་འཕེན་གྱི་ཡོད་རབས་བརྗོད་འདུག
ཕྱི་ལོ་༢༠༢༢ ལོའི་ཡུག་རེན་གྱི་མི་འབོར་ནི་ས་ཡ་༤༡.༩ ཟིན་ཡོད་པ་དང་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་རྐྱེན་གྱིས་ད་ལྟའི་ཆར་ཡུག་རེན་གྱི་མི་འབོར་བརྒྱ་ཆ་༡༩% ཙམ་ཞིག་པོ་ལན་ཌི་དང་རོ་མ་ནི་ཡ་སོགས་ཡུག་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་ཡོད་འདུག ཕྱི་ལོ་༡༩༤༠ ནས་ད་བར་ཡུ་རོབ་ཁུལ་དུ་དུས་གཅིག་ལ་མི་མང་སྡེབ་བྱོལ་བྱས་པ་ཆེ་ཤོས་དེ་ཆགས་ཡོད་འདུག
དེ་བཞིན་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་ཟླ་བ་བཞི་ལྷག་གི་རྗེས་སུ་ཨུ་རུ་སུའི་མི་མང་འབུམ་བཞི་དང་ཁྲི་གཅིག་ལྷག་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཕྱིན་ཡོད་འདུག་ལ། ལྷག་པར་དུ་སྔ་ལོ་ཕྱི་ཟླ་དགུ་པའི་ནང་ཨུ་རུ་སུས་དམག་སྐུལ་བསྡུ་རུབ་ཀྱི་གསལ་བསྒྲགས་སྤེལ་ནས་བཟུང་། ཨུ་རུ་སུ་ནས་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་མཁན་ཇེ་མང་དུ་ཕྱིན་ཡོད་པར་བརྟེན། ཕྱི་ལོ་༢༠༢༢ ལོ་ཨུ་རུ་སུའི་མི་འབོར་འབུམ་ལྔ་དང་ཁྲི་ལྔ་ཉུང་དུ་ཕྱིན་ཡོད་འདུག
ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༤ སྔོན་དུ་ཡུག་རེན་གྱི་ས་ཆའི་བརྒྱ་ཆ་༧% ཞིག་ཨུ་རུ་སུ་དང་ཨུ་རུ་སུའི་རྒྱབ་སྐྱོར་བ་དག་གི་སྟངས་འཛིན་འོག་ཏུ་ཡོད་པ་དང་། དམག་འཁྲུག་ལངས་ནས་བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་ཡུག་རེན་གྱི་ས་ཆའི་བརྒྱ་ཆ་༢༧% ཨུ་རུ་སུའི་ལག་ཏུ་ཤོར་ཡོད་འདུག ལོ་འདིའི་ཕྱི་ཟླ་༢ ཙམ་ནས་ཡུག་རེན་གྱིས་ཨུ་རུ་སུས་འཕྲོག་པའི་ས་ཆ་མང་པོ་ཞིག་ཚུར་ལེན་ཐུབ་ཡོད་པར་བརྟེན། ད་ལྟའི་ཆར་ཡུག་རེན་གྱི་ས་ཆའི་བརྒྱ་ཆ་༡༨% ཙམ་ཞིག་ཨུ་རུ་སུའི་ལག་ཏུ་ཤོར་ཡོད་འདུག
སྔ་ལོ་ཕྱི་ཟླ་༢ ནས་རྒྱལ་ཁབ་༤༠ ཡིས་ཡུག་རེན་ལ་ཨ་སྒོར་ཐེ་འབུམ་$༡༦༦ ལྷག་གི་དམག་དོན་དང་དཔལ་འབྱོར་གྱི་ཐོག་ལ་རོགས་རམ་བྱས་ཡོད་པ་དང་། དེ་ནང་ནས་ཨ་རི་གཅིག་པུས་ཨ་སྒོར་ཐེ་འབུམ་$༧༧,༨ ཡི་རོགས་རམ་བྱས་ཡོད་འདུག དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་ཡང་ད་དུང་ཡང་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་རྟགས་གང་ཡང་མེད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།

 
							 
							