དམར་ཤོག་ཚོགས་པ་འགོ་བཙུགས་ནས་མི་ལོ་༧༦ འཁོར་བའི་ཉིན་ཚོགས་པ་༡༤༥ ཡིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་མི་ལོ་༧༦ འཁོར་གྱི་ཡོད་པ་དང་། རྒྱ་ནག་གི་ཡོངས་གྲགས་སུ་རྒྱལ་སྟོན་དུས་ཆེན་ཞེས་འབོད་ཀྱི་ཡོད་པར་བརྟེན། འཛམ་གླིང་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁྱོན་༡༤༥ ཡིས་དེ་རིང་ཉིན་མོ་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག་ལ། བསྒྲགས་གཏམ་དེའི་ནང་དེ་རིང་རྒྱ་ནག་ལ་མཚོན་ན་དུས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། བོད་པ་ལ་མཚོན་ན་འཐབ་རྩོད་ཀྱི་ཉིན་མོ་ཞིག་དང་། རྒྱ་ནག་དམར་ཤོག་ཚོགས་པ་ལ་འགོག་རྒོལ་བྱེད་པའི་ཉིན་མོ་ཞིག་ཡིན་ཞེས་བསྒྲགས་གཏམ་སྤེལ་འདུག

པར། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་།

ཕྱི་ཚེས་༢༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གནས་ཚུལ་སྤེལ་དོན་ལ། ཕྱི་ཟླ་༡༠ ཚེས་༡ ཉིན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་པའི་ཉིན་མོ་ཡིན་ཡང་། བོད་མི་ཚོ་ལ་མཚོན་ན་རྒྱ་ནག་གིས་དབང་བསྒྱུར་ལ་འཐབ་རྩོད་བྱེད་པའི་ཉིན་མོ་ཞིག་དང་འགོག་རྒོལ་བྱེད་པའི་ཉིན་མོ་ཞིག་ཡིན། ང་ཚོ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཚོགས་པ་༡༤༥ ལྷག་གིས་མཉམ་འཛོམས་ཐོག་རྒྱ་ནག་གི་དྲིལ་བསྒྲགས་ལ་ངོ་རྒོལ་དང་། ཉིན་མོ་འདིས་མི་ས་ཡ་མང་པོ་ཞིག་ལ་བཙན་གནོན་དང་། མནར་གཅོད། དྲག་སྤྱོད་མུ་མཐུད་ནས་བྱེད་པའི་ཉིན་མོ་ཞིག་ཡིན་ཞེས་བརྗོད་འདུག
འདས་པའི་མི་ལོ་༧༠ ནི་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ནས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་དུས་རབས་ཉི་ཤུ་པའི་དུས་ཚོད་ལྷག་མ་དག་ཡིན་པ་དང་། ཕྱི་ལོ་༢༠༢༥ ཟླ་༢ པའི་ནང་རང་དབང་ཁང་པས་བོད་ནི་འཛམ་གླིང་ཐོག་རང་དབང་གཅིག་ཀྱང་མེད་པའི་གྲངས་ཀ་བརྒྱ་ནས་ཀླད་ཀོར་ཡིན་པ་བརྗོད་འདུག་ལ། དེ་ནི་བྱང་ཀོ་རི་ཡ་ལས་ཀྱང་དམའ་བ་ཡོད་པ་སོགས་ཀྱིས་རྒྱ་ནག་གིས་དབང་བསྒྱུར་འོག་ཏུ་ཡོད་པའི་བོད་ནང་རང་དབང་མེད་ཅིང་། གནས་སྟངས་ཛ་དྲག་ཏུ་ཕྱིན་པའི་གནས་ཚུལ་གསལ་པོར་བསྟན་ཡོད་པ་བརྗོད་འདུག བོད་མི་ཚོས་བདེན་པ་བཤད་པ་དང་། ཆོས་ལུགས་ཉམས་ལེན་བྱས་པ། ཡང་ན་ས་ཆ་སྲུང་སྐྱོབ་བྱས་པ་ཙམ་གྱིས་མུ་མཐུད་དུ་བོད་མི་མང་པོ་ཞིག་གར་སོང་ཆ་མེད་དུ་འགྱུར་བཞིན་པ་དང་། བོད་མི་མང་པོ་ཞིག་ལ་མནར་གཅོད་གཏོང་བ། གསོད་པ་སོགས་ཀྱི་ཉེན་ཁ་མང་པོ་ཡོད་ཀྱང་། ད་དུང་གྲྭ་པ་དང་། རྩོམ་པ་པོ། གཞས་པ་གཞས་མ། འབྲོག་པ། སློབ་མ་སོགས་བོད་མི་གྲངས་མེད་པ་ཞིག་གིས་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད། འཛམ་གླིང་ཐོག་ཏུ་མི་མང་ལ་འཕྲུལ་རིགས་ཀྱིས་སོ་ལྟ་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་གི་དབང་འོག་ནས་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། བཙན་གནོན་ལ་གདོང་ལེན་བྱེད་བཞིན་ཡོད་པ་བརྗོད་འདུག
ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ཀྱི་ཨ་ཅག་རང་གིས་རང་གི་ནུ་བོ་ཚོང་པ་རྡོ་རྗེ་བཀྲ་ཤིས་གློད་བཀྲོལ་ཆེད་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། ཁོང་མོ་ལ་ཡང་ཡང་མནར་གཅོད་བཏང་བ། དྲག་པོའི་ཐོག་ནས་རྡུང་རྡེག་བཏང་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། ཕྱི་ལོ་༢༠༢༥ ཟླ་༨ པའི་ནང་མོ་རང་ལ་དུས་རྒྱུན་དུ་ནས་སོ་ལྟ་དང་། སྒེར་གྱི་རང་དབང་དང་ཐོབ་ཐང་ལ་ཉེན་རྟོག་པས་བརྩི་མེད་བཏང་ནས་བཙན་གནོན་བྱེད་དུས། ཁོང་མོས་ལྷ་སར་ཡོད་པའི་རང་གི་ནུ་བོའི་མགྲོན་ཁང་གི་ཐོག་བརྩེགས་གཉིས་པ་ནས་མཆོངས་ཏེ་ངོ་རྒོལ་བྱས་ཡོད། རྡོ་རྗེ་བཀྲ་ཤིས་ལ་མཚོན་ན་དྲང་བདེན་མིན་པ་དང་ཉེས་མེད་ཉེས་འཛུགས་བྱས་པའི་རྐྱེན་གྱིས་བཙོན་འོག་ཏུ་ཁོང་གིས་ཉེས་མེད་ཁུངས་སྐྱེལ་བྱས་ཀྱང་བཙོན་འཇུག་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་བརྗོད་འདུག
འདི་ལོ་ཕྱི་ཟླ་༧ ནང་བོད་ཀྱི་གླུ་བ་གཞོན་སྐྱེས་ཨ་སང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད། རྒྱུ་མཚན་ནི་༧གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་ཉིན་ཤས་སྔོན་དུ་ཁོང་གིས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཞི་བདེའི་རྒྱལ་སྲས་ཞེས་པའི་གླུ་གཞས་བསྐྱར་དུ་བླངས་ནས་སྤེལ་རྗེས་ཁོང་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ཁོང་གློད་གྲོལ་བཏང་ཟིན་ཀྱང་། མི་མང་གི་འདུ་འཛོམས་དང་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ནང་ཞུགས་བྱེད་རྒྱུ་བཀག་འགོག་བྱས་ཡོད་པ་བརྗོད་འདུག
ཕྱི་ལོ་༢༠༢༥ ཟླ་བ་༨ ནང་མདོ་སྨད་གཙང་དགོན་པའི་དོ་དམ་ལྷན་ཁང་གི་འགན་འཛིན་གྲྭ་ཤེར་བཟང་རྒྱ་མཚོ་དགོན་པ་ནང་རང་ཤི་བརྒྱབ་ཡོད་པ་དང་། དེ་ནི་དགོན་པར་ལོ་གཅིག་ཙམ་གྱི་སྔོན་ནས་རྒྱ་ནག་གཞུང་གིས་དགོན་པ་ནང་དམ་དྲག་དང་། དེ་བཞིན་༧གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་ཉིན་ཤས་སྔོན་དུ་༧གོང་ས་མཆོག་གི་སྐུ་པར་འཚོལ་ཞིབ་དང་། སྲོལ་རྒྱུན་གྱི་ཆོས་ཕྱོགས་མཛད་སྒོ་ཁག་ལ་བཀག་སྡོམ་བྱས་རྗེས་བྱུང་བ་ཞིག་ཡིན་པ་བརྗོད་འདུག
དེ་བཞིན་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ཕྱི་ལོ་༢༠༢༤ ཟླ་བ་༡༠ ནང་གཞུང་གིས་ཆོག་མཆན་མི་སྤྲད་པའི་ཐོག་ནས་གཏེར་ཁ་སྔོག་འདོན་བྱེད་མཁན་དག་ཕྱིར་བསྟན་པའི་རྐྱེན་གྱིས་ཁོང་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ཁོང་གློད་གྲོལ་བཏང་ཟིན་ནའང་། དམ་དོན་གྱི་ལྟ་རྟོག་འོག་ཡོད། ད་དུང་སྒོ་ཤེས་རབ་རྒྱ་མཚོ་དང་། ཨ་ཉ་སེང་སྒྲ། དགོན་པོ་ཚེ་རིང་། རྣམ་སྐྱིད། ཀརྨ་བསམ་གྲུབ། འཇམ་པ་ཆོས་འཕེལ། རིན་ཆེན་སྐྱིད། ཡེ་ཤེས་ཆོས་སྒྲོན། བཀྲ་ཤིས་དབང་ཕྱུག་སོགས་ལས་འགུལ་བ་ཚང་མར་བོད་ཀྱི་སྐད་ཡིག་དང་། སྲོལ་རྒྱུན། ཁོར་ཡུག་བཅས་ཞི་བདེའི་ཐོག་སྲུང་སྐྱོབ་བྱས་པར་བཙོན་འཇུག་དང་། འཇིགས་སྐུལ། མནར་གཅོད་བཅས་ཕོག་ཡོད། འོན་ཀྱང་། ཉེས་ཆད་དྲག་པོ་དང་སྲོག་ཐོག་གི་འཇིགས་སྐུལ་དེ་དག་བྱས་ཀྱང་། བོད་མི་ཚོས་རྒྱ་ནག་གི་དྲག་པོའི་བཙན་འཛུལ་ལ་ངོ་རྒོལ་དང་། འགོག་རྒོལ་མུ་མཐུད་བྱེད་ཀྱི་ཡོད།
ཟླ་བ་༡༠ ཚེས་༡ ཉིན་འདིར་རྒྱ་ནག་གཞུང་གིས་རང་གི་དབང་ཆ་དང་མི་མང་གི་བསམ་ཚུལ་བཙན་གནོན་བྱེད་བཞིན་ཡོད་ཀྱང་། ང་ཚོ་བོད་མི་ཚོའི་དཔའ་ངར་ཆེ་བའི་ངོ་རྒོལ་ལ་མཉམ་དུ་ལངས་རྒྱུ་ཡིན།
བོད་རང་དབང་མ་ཐོབ་བར་དུ་ང་ཚོ་ངལ་གསོ་རྒྱུ་མིན་པ་དང་། ང་ཚོ་ཁ་བཙུམ་རྒྱུ་མིན། འཐབ་རྩོད་མཚམས་འཇོག་བྱེད་རྒྱུ་མིན་ཞེས་བྲིས་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།