ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་དབུ་འཛུགས་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་དེ་གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་དབུ་འཛུགས་གནང་འདུག

ཕྱི་ཟླ་༡༡ ཚེས་ ༠༦ ནས་དུས་ཡུན་ཉིན་གསུམ་རིང་གི་ཚོགས་ཆེན་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས། ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ། ནང་སྲིད་དྲུང་འཕར་བྱམས་པ་ཕུན་ཚོགས་གཙོས་པའི་ས་གནས་ཁག་གི་འགོ་འཛིན་རྣམ་པ་ཚོགས་བཅར་གནང་འདུག་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ས་གནས་འགོ་འཛིན་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་གསོ་གནང་རྒྱུ་དང་བོད་མི་མི་རབས་རྒན་པ་རྣམས་ཀྱིས་བོད་བསྟན་སྲིད་ཆེད་དུ་སྐུ་ངལ་འཛད་མེད་བསྐྱོན་ཡོད་པས་ཁོང་ཅག་ལ་གུས་བརྩི་དང་གཟིགས་སྐྱོང་གནང་དགོས་པ་ས་གནས་སོ་སོའི་མང་ཚོགས་ལ་ལམ་སྟོན་གནང་དགོས་པ་དང་། དེ་བཞིན་བཀའ་ཤག་དང་འཛིན་སྐྱོང་གི་ལས་བྱེད་རྣམས་ནུས་པ་མཉམ་སྤུངས་ཀྱིས་བོད་དོན་ཆབ་སྲིད་དང་།བཙན་བྱོལ་བོད་མིའི་བདེ་སྡུག་ལྟ་སྐྱོང་གནང་རྒྱུར་ཕྱག་ལས་གནང་དགོས་སྐོར་སོགས་དང་། གཞན་ཡང་ཁོང་གིས་ཉེ་ཆར་བཀའ་ཤག་ནས་འདོན་སྤེལ་གནང་བའི་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་ཕུགས་དམིགས་ཀྱི་ཡིག་ཆ་དེ་ས་གནས་འགོ་འཛིན་དང་ལས་བྱེད་རྣམ་པས། བཀའ་ཤག་གི་འཆར་གཞི་དང་ལས་དོན་གནང་ཕྱོགས་སོགས་རྒྱུས་ལོན་ཡོང་ཐབས་སུ་ཡིག་ཆ་དེ་ཉིད་ལྟ་ཀློག་གནང་དགོས་པར་གསུངས་པ་མ་ཟད། དེར་གསལ་བའི་ལས་གཞི་ལས་དོན་མང་དག་ཅིག་མི་མང་གི་དགོས་མཁོ་དང་ཐད་ཀར་འབྲེལ་བ་ཡོད་པས་ས་གནས་འགོ་འཛིན་རྣམས་ནས་དེ་དོན་མཁྱེན་རྟོགས་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་པ་གསལ་བཤད་གནང་རྗེས། ཕུགས་དམིགས་ཡིག་ཆའི་ནང་གསལ་བའི་གནད་དོན་ཁག་ཅིག་ངོ་སྤྲོད་གནང་འདུག

དེ་ལས་འཕྲོས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་འགོ་འཛིན་རྣམས་ནས་ས་གནས་སོ་སོར་ལས་དོན་གནང་ཕྱོགས་དེ་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ཐོག་མང་ཚོགས་ཀྱི་བདེ་དོན་ལ་བསམ་གཞིག་གིས་ལས་དོན་རྣམས་དྲང་བདེན་དང་། ཕྱི་གསལ་ནང་གསལ་གནང་དགོས་པ་མ་ཟད། ས་གནས་སོ་སོའི་སྒྲིག་གཞི་ཁག་དུས་བསྟུན་ལེགས་བཅོས་གནང་འོས་ཇི་ཡོད་རྣམས་ཁྲིམས་སྒྲིག་འགལ་མེད་གནང་རྒྱུ་དང་། ས་གནས་འཐུས་ཚོགས་མེད་པའི་ས་གནས་ཁག་ནས་ས་འཐུས་གསར་འཛུགས་གནང་ཐབས་སུ་འབད་རྩོལ་གནང་དགོས་པའི་ལམ་སྟོན་གནང་ཡོད་འདུག ཐེངས་འདིའི་ཚོགས་ཆེན་དེ་ཕྱི་ཟླ་༡༡ ཚེས་ ༠༦ ནས་ ༠༩ བར་འཚོག་རྒྱུ་ཡིན་འདུག་པ་དང་རྒྱ་བལ་འབྲུག་གསུམ་ནས་ས་གནས་འགོ་འཛིན་གྲངས་ ༤༥ མཉམ་ཞུགས་གནང་ཡོད་འདུག

གནས་ཚུལ་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

གསར་འགོད་པ། བསྟན་འཛིན་ལམ་བཟང་།