ནང་སྲིད་བཀའ་བློན་རྩ་དགོངས་ཞུ་རྒྱུ་མིན་པའི་གསལ་བཤད།

ཟླ་འདིའི་ཚས་༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་བཀའ་ཤག་སྐབས་༡༤ པའི་བཀའ་བློན་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་གྱི་འཆལ་གཏམ་ཞིག་སྤྱི་ཚོགས་ནང་བཀྲམ་བཞིན་འདུག་ན་དེ་བདེན་པ་མིན་སྐོར་གསུངས་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན། ཉེ་ལམ་ཕྱི་དྲིལ་བཀའ་བློན་བདེ་སྐྱད་ཆོས་དབྱངས་མཆོག་ལས་གནས་ནས་གློ་བུར་རྩ་དགོངས་ཞུས་པའི་གནས་ཚུལ་ལས་འཕྲོས་ཏེ། སྤྱི་ཚོགས་ནང་ད་ལྟའི་བཀའ་བློན་རྣམ་པ་རིམ་བཞིན་རྩ་དགོངས་ཞུ་མཁན་ཡིན་ལུགས་དང། དེའང་རྩ་དགོངས་དང་པོ་ནང་སྲིད་བཀའ་བློན་ནས་ཞུ་རྒྱུ་ཡིན་ལུགས་ཀྱི་ཁུངས་མེད་འཆལ་གཏམ་གང་སར་སྤེལ་བཞིན་པ་དང། བློ་འཚབ་གནང་མཁན་ཕྱོགས་མཐའ་མང་ཚོགས་མང་དག་ཞིག་ནས་འདྲི་བརྩད་ཁ་པར་འབྱོར་བཞིན་འདུག་པར་བརྟེན་གསལ་བཤད་ཞུ་རྒྱུར། གུས་མོ་ཕྱི་ལོ་༢༠༡༡ ལོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་གྱི་འོས་ཁོངས་སུ་མིང་འདོན་གནང་བ་ལྟར་གྲོས་ཚོགས་སུ་སྤྱི་མོས་བྱུང་སྟེ་ལོ་བཞི་ལྷག་གི་རིང་ནང་སྲིད་བཀའ་བློན་གྱི་ལས་གནས་ཐོག་བོད་སྤྱིར་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་སོ་སོའི་མི་ཚེའི་ལོ་རྒྱུས་ནང་གི་གཟི་བརྗིད་དང་རིན་ཐང་ཆེ་ཤོས་ཀྱིས་ལེ་ཚན་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད་ལ། ད་དུང་ཡིན་ནའང་ཐོག་མའི་བཀའ་བློན་གྱི་འགན་ཁུར་ཞུས་སྐབས་སུ་དམ་བཅའ་གང་ཕུལ་ཡོད་པར་འགྱུར་བ་སྤུ་ཙམ་མེད་པར་དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུ་འཁྲིད་པས་བཀའ་ཤག་འདིའི་ལས་ཡུན་ཁྲིམས་སྒྲིག་ལྟར་མ་རྫོགས་བར་དུ་ལས་འགན་ཆ་ཚང་མུ་མཐུད་ལྷག་བསམ་རྣམ་དག་ཞུ་རྒྱུ་ཡིན་པས། མང་ཚོགས་ཐུགས་ཁྲལ་རྩ་ནས་མི་དགོས་ཞུ་རྒྱུའི་གསལ་བསྒྲགས་སུ།