ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས།

[དྷ་རམ་སར] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༦ ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་བསྟན་པ་ཆབ་སྲིད་དང་མི་རིགས་ཀྱི་བདེན་པའི་འཐབ་རྩོད་རང་དབང་རང་བཙན་སླར་གསོའི་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་༩༠ རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་གནང་འདུག


ཐེངས་འདིའི་ལས་འགུལ་ནི་ཟླ་རེའི་ཚེས་༡༠ ནམ་ཡིན་ལ་སྤེལ་བཞིན་པའི་”ཚེས་བཅུའི་ལས་འགུལ་” ཐེངས་༡༩ པ་དེ་ཡིན་ཞིང་། རེས་གཟའ་ཟླ་བ་ནས་རེས་གཟའ་པ་སངས་བར་ཉིན་གྲངས་ལྔའི་རིང་མུ་མཐུད་སྤེལ་རྒྱུ་དང་། ས་གནས་ཀྱི་ཁྲིམས་སྒྲིག་ལྟར་དགོང་མོ་དེ་གར་བསྡད་ཆོག་མིན་གྱི་དཀའ་ངལ་ཡོད་པར་བརྟེན། ཀརྨ་པ་སྲི་ཞུ་ཚོགས་པར་འབོད་སྐུལ་ཞུས་པ་བཞིན། ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱི་བཞུགས་གནས་དང་ཉལ་སའི་ཚོགས་ཁང་རིན་མེད་མཐུན་འགྱུར་གནང་ཡོད་འདུག
ལས་འགུལ་འདིའི་བརྒྱུད་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དགོས་འདུན་དོན་ཚན་བདུན་ཞིག་བཏོན་པ་རྣམས་ནི།
༡ ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན། ལོ་ངོ་༦ ཐོག་འཛིན་བཟུང་བཙོན་འཇུག་གིས་ད་ཆ་ལོ་ངོ་༣༡ རིང་གར་སོང་ཆ་མེད་དུ་གྱུར་ཏེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པའི་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་།
༢ བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཟོ་རྒྱུའི་བཅའ་སྡོད་སློབ་གྲྭ་སོགས་ངན་པའི་སྲིད་བྱུས་ཡོངས་སུ་འཕྲལ་དུ་མཚམས་འཇོག་གིས་རང་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཟང་པོ་གཅེས་སྲུང་བྱ་རྒྱུའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་རྒྱུ།
༣ རྒྱ་ནག་གཞུང་ནས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་ལས་གཞི་ཤིང་ནགས་གཅོད་འབྲེག གཏེར་ཁ་སྔོག་འདོན། ཆུ་རགས་བཟོ་བསྐྲུན་སོགས་ཨེ་ཤི་ཡ་གཙོས་པའི་འཛམ་གླིང་སྤྱིའི་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་ལ་གནོད་ཚབས་ཆེ་བའི་ལས་གཞི་ཡོངས་སུ་འཕྲལ་དུ་མཚམས་འཇོག་དགོས་རྒྱུ།
༤༽ རྒྱ་ནག་ནས༧སྐུའི་ཡང་སྲིད་ངོས་འཛིན་བྱ་སྲོལ་བོད་ཀྱི་ཆོས་ཕྱོགས་ལ་ཐད་བྱུས་ནམ་ཡང་མི་ཆོག་པ་དང་། དེའི་འགན་དབང་མགོན་པོ་གང་ཉིད་མཆོག་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་རྣམ་པར་མ་གཏོགས་རྒྱ་གཞུང་ནས་ཐེ་བྱུས་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་རྒྱུ།
༥༽ རྒྱ་ནག་གཞུང་ནས་ཉེ་ཆར་ཁྲིམས་སུ་གཏན་འབེབས་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཅེས་པ། དོན་དངོས་སུ་བོད་མི་རིགས་གཙོ་བོར་བྱས་པའི་གྲངས་ཉུང་མི་རིགས་ཡོངས་ཁྲིམས་ཀྱི་ཐོག་ནས་རྩ་མེད་གཏོང་རྒྱུའི་ཇུས་ངན་ཚབས་ཆེན་གྱི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་འཕྲལ་དུ་མཚམས་འཇོག་དགོས་རྒྱུ།
༦༽ གཞིས་བྱེས་གཉིས་སུ་བཞུགས་བོད་མིའི་ནང་མི་སྤུན་མཆེད་ལ་བཙན་དབང་གནོན་ཤུགས་དང་། རྡིགས་ར་སྐུལ་བ་སོགས། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་དགོས་རྒྱུ།
༧༽ བོད་ཀྱི་བདེན་པའི་འཐབ་རྩོད་དང་རང་དབང་རང་བཙན་སླར་གསོའི་ལས་འགུལ་ལ་གུས་བརྩི་དང་འབྲེལ་བོད་རྒྱའི་དཀའ་ངལ་སེལ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་ཚོགས་པ་ཁག་ནས་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་རེ་སྐུལ་དང་། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་ཡོང་ཐབས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་ཆེད་ཡིན་ཞེས་འཁོད་འདུག
རྩ་བས་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ་རྣམས་ཀྱིས་ཕྱི་ལོ་༢༠༢༤ ཟླ་༦ པའི་ནང་འགན་བཞེས་རྗེས། གོ་བསྡུར་རིམ་པ་བྱས་པ་བརྒྱུད་ལོ་དེའི་ཕྱི་ཟླ་༨ པ་ནས་བཟུང་ཟླ་རེའི་ཚེས་༡༠ ནམ་ཡིན་ལ་ལས་འགུལ་སྤེལ་འགོ་བཙུགས་ཞིང་། ད་བར་གནམ་གཤིས་གྲང་ངར་དང་། མི་མང་གི་མཉམ་ཞུགས་ཡོད་མེད་སོགས་ལ་མ་ལྟོས་པ། སྐབས་རེ་གོམ་བགྲོད་དང་། མཚམས་རེ་རྒྱང་རྒྱུགས་རྒྱ་དམར་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་སོགས་ལས་འགུལ་སྣ་ཚོགས་ཤིག་སྤེལ་མུས་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།