ནེ་ཐར་ལན་ཌིའི་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་འདུག

ཉེ་ཐར་ལན་ཌིའི་གྲོས་ཚོགས་འོག་མའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་འདུག་ཅིང་། གྲོས་ཆོད་དེ་དག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པའི་གསལ་བཤད་བྱས་ཡོད་འདུག
ཕྱི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་བཀོད་དོན་ལ། ཕྱི་ཚེས་༡༥ གཟའ་མིག་དམར་ཉིན་ནེ་ཐར་ལན་ཌིའི་གྲོས་ཚོགས་འོག་མ་ནས་དོན་ཚན་གསུམ་འཁོད་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་འདུག་པ་དང་། གྲོས་ཆོད་དེའི་བརྒྱུད་ནེ་ཐར་ལན་ཌི་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་འདོན་གནང་འདུག་ལ།
ནེ་ཐར་ལན་ཌིའི་གྲོས་ཚོགས་ཀྱིས་མང་མོས་སྒོ་ནས་གཏན་འབེབས་གནང་བའི་གྲོས་ཆོད་འདིའི་ནང་། རྒྱ་ནག་གཞུང་གིས་ཡང་ནས་བསྐྱར་དུ་རྒྱ་ནག་གི་དབང་འོག་ལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དང་། བོད་དང་ལྷོ་སོག ཡུ་གུར་སོགས་ཀྱི་ཐོག་དབྱེ་འབྱེད་དང་། སུན་གཙེར། ཉེས་མེད་ཉེས་འགེལ་གྱི་བཙོན་འཇུག སྲིད་གཞུང་གི་སློབ་གསོ་སྤེལ་བཞིན་ཡོད་པ་སོགས་གསལ་འདོན་གནང་འདུག་ལ། ཡུ་རོབ་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོ་གཞག་ཡོང་ཐབས་དང་། ཨ་རིའི་སྲིད་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལྟར་ཡུ་རོབ་མཐུན་ཚོགས་ནས་བོད་དོན་ཐོག་དེ་མཚུངས་ཀྱི་ཁྲིམས་ཡིག་ཅིག་གཏན་འབེབས་ཡོང་ཐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་བཞིན་པར་སྐྱོན་བརྗོད་ཀྱིས་ནེ་ཐར་ལན་ཌིའི་སྲིད་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་གསེད་བཀྲོལ་ཡོང་བའི་འབོད་སྐུལ་གནང་འདུག
ནེ་ཐར་ལན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇན་པཱ་ཊར་ནོ་ཊི་ (Jan Paternotte)དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ས་ཁ་ར་མན་ (Isa Kahraman)གྲོས་ཚོགས་འཐུས་མི་(D.G. Boswijk)(E.Van der Burg) (S.R.T. Van Baarle) (T.M.T. van der Lee)(D.G.M. Cedar)(Don Ceder )(Chris Stoffer )(Martin Oostenbrink )(Joi NB )བཅས་ནས་བསྣམས་ཕེབས་པའི་གྲོས་ཆོད་གྲོས་འཆར་དེའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་ཚད་མཐོའི་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་ཡོད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལོ་སྔོན་མའི་ཕྱི་ཟླ་༡༠ ནང་ནེ་ཐར་ལན་ཌིའི་རྒྱལ་ཁབ་ཏུ་འཚམས་གཟིགས་སུ་ཕེབས་སྐབས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། གྲོས་ཚོགས་འཐུས་མི་རྣམ་པར་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་སྐོར་བཀའ་བསྡུར་གནང་རྒྱུ་བྱུང་བ་སོགས་ལ་བརྟེན་ནས་ནེ་ཐར་ལན་ཌི་གྲོས་ཚོགས་འཐུས་མི་རྣམ་པས་ད་ཐེངས་ཀྱི་གྲོས་ཆོད་འདི་ཉིད་གཏན་འབེབས་གནང་ཡོད་པར་བརྗོད་འདུག གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གྲོས་ཚོགས་འཐུས་མི་རྣམ་པར་རྒྱུན་མཐུད་ཞུ་སྐུལ་དང་། དེ་བཞིན་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་འོག་ནི་ནེ་ཐར་ལན་ཌིའི་ཁྱེར་ཧེག་ (Hague) ནང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཅཊ་གྷི་རི་ (Richard Gere)དང་། སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་རྣམ་གཉིས་ནས་གྲོས་ཚོགས་འཐུས་མི་རྣམ་པར་ཞུ་གཏུག་གནང་བ་སོགས་ལས་བྱུང་ཡོད་པ་རེད་འདུག
ཐེངས་འདིར་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་གྱིས་ནེ་ཐར་ལན་ཌིའི་གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འདིའི་བརྒྱུད་བོད་ནང་གི་བོད་མི་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མི་རྣམས་ལ་རེ་བ་ཆེན་པོ་སྦྱིན་ཡོད་པ་དང་། ནེ་ཐར་ལན་ཌི་ལྟ་བུའི་མང་གཙོའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་མིའི་ཞི་བའི་འཐབ་རྩོད་ཀྱི་ནུས་པ་སྲ་བརྟན་དུ་བཏང་་ཡོད་པ་གསུངས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
