བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་འདས་གྲོངས་སུ་གྱུར་པར་བོད་མིའི་སྒྲིག་འཛུགས་ནས་མྱ་ངན་ཞུས།

བཀའ་ཟུར་ཚེ་རིང་དོན་གྲུབ་སྐུ་གཟུགས་བདེ་མིན་རྐྱེན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་སྐུ་ཚེ་གང་པོར་སྲི་ཞུ་གང་ལེགས་བསྒྲུབས་པར་རྗེས་དྲན་དང་། ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་ཕྱིར་སྨོན་ལམ་གསོལ་འདེབས་ཞུས་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་ཚེ་རིང་དོན་གྲུབ་སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ཚེས་༨ ཉིན་གྱི་ཕྱི་དྲོ། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲིད་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་སླད། ཉིན་རྒྱབ་ཆུ་ཚོད་༣ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག

དམ་པ་ཁོང་ནི།  ཕྱི་ལོ་༡༩༦༠ ཟླ་༧ ཚེས་༡ ཉིན། སྟོད་རོང་ཤར་དུ་འཁྲུངས་ཤིང༌། ཕྱི་ལོ་༡༩༨༡ ལོར་མ་སུ་རི་གཏན་སློབ་ནས་འཛིན་རིམ་༡༢ ཐོན་རྗེས། ཕྱི་ལོ་༡༩༨༣ ལོར་ཅན་དྷི་གྷར་མཐོ་སློབ་ནས་༼B.Com༽ དང་། ཕྱི་ལོ་༡༩༩༢ ལོར་སིམ་ལ་གཙུག་ལག་སློབ་ཁང་ནས་༼M.Com༽ ཐོན།

ཕྱི་ལོ་༡༩༨༤ ཟླ་༡༢ ཚེས་༡ ཉིན་ནས་རྩིས་ཞིབ་ལས་ཁང་གི་རྒན་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་༡༩༩༡ ཟླ་༧ ཚེས་༢ ནས་དྲུང་གཞོན་དུ་གནས་སྤར།  ཕྱི་ལོ་༡༩༩༣ ཟླ་༦ ཚེས་༡ ཉིན་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་༡༩༩༣ ཟླ་༨ ཚེས་༡༠ ནས་ཨ་རིར་ལོ་གཅིག་རིང་སློབ་བསྐྱོད། ཕྱི་ལོ་༡༩༩༤ ཟླ་༡༠ ཚེས་༣ ནས་རྩིས་ཞིབ་ཟུང་དྲུང་དུ་བསྐོ་གཞག  ཕྱི་ལོ་༡༩༩༨ ཟླ་༤ ཚེས་༡ དྲུང་ཆེ་ལས་འཕར་དུ་གནས་སྤར་དང་སྦྲགས་རྩིས་ཞིབ་དྲུང་འཕར་དུ་བཀོད་སྒྲིག ཕྱི་ལོ་༢༠༠༠ ཟླ་༣ ཚེས་༢༠ ཉིན་གནས་རང་འཇགས་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག  ཕྱི་ལོ་༢༠༠༠ ཟླ་༧ ཚེས་༧ དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཤེས་རིག་དྲུང་ཆེར་བསྐོ་གཞག  ཕྱི་ལོ་༢༠༠༢ ཟླ་༤ ཚེས་༡༢ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས།  ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༤ ནས་བཀའ་ཤག་སྐབས་༡༣ པའི་བཀའ་བློན་དུ་འདེམས་ཐོན་བྱུང་སྟབས། གཞུང་ཞབས་ཁོངས་ནས་རྒས་ཡོལ་སྔ་བསྣུར་ཞུས།

ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༥ ཉིན་བཀའ་ཤག་སྐབས་༡༣ པའི་དཔལ་འབྱོར་བཀའ་བློན་ཐུགས་འགན་བཞེས་པ་དང་། ཕྱི་ལོ་༢༠༡༡ ཟླ་༩ ཚེས་༡༦ ཉིན་བཀའ་ཤག་སྐབས་༡༤ པའི་དཔལ་འབྱོར་བཀའ་བློན་དང་། ཕྱི་ལོ་ ༢༠༡༦ ཟླ་༤ ཚེས་༦ ནས་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༢༦ བར་བདེ་སྲུང་བཀའ་བློན་གྱི་ཐུགས་འགན་བཞེས། ཕྱི་ལོ་༢༠༢༥ ཟླ་༩ ཚེས་༧ ཉིན་མེག་གྷན་གཟིམ་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།