བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལྡི་ལི་དོན་གཅོད་དུ་བསྐོ་བཞག

ཕྱི་ཟླ་༥ ཚེས་༣༡ ཉིན་བཀའ་དྲུང་ཡིག་ཚང་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དང་། ༢༠༡༦ ལོའི་ཟླ་༧ ཚེས་༡༥ ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

dongchuk_2016_4_6བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་དོན་གཅོད་ཀྱི་འགན་ཁུར་དགོས་དོན་གང་ཡིན་སྐོར་གསར་འགོད་པས་བཅར་འདྲི་བྱས་པར། ཁོང་གིས། “སྲིད་སྐྱོང་གིས་བཀའ་ཤག་ནང་བཀའ་བསྡུར་གནང་སྟེ་སྤྱི་མོས་ཀྱི་ཐོག་ནས་ལྡི་ལི་དོན་གཅོད་ལ་འགྲོ་དགོས་རེད་ཅེས་བཀའ་གནང་སོང་། ལྡི་ལི་གཅོད་གཅོད་དེ་མགོ་རྙོག་པོ་རེད། དྷ་རམ་སའི་ལས་ཁུངས་གཅིག་གི་འགན་ལས་ཁུར་དགོས་མ་རེད། ལྡི་ལིར་རྒྱ་གར་གཞུང་གི་ལས་ཁུངས་ཚང་མའི་ཚན་པ་མང་པོའི་ནང་ཞུགས་དགོས་པ་དང་། གཞུང་ཚབ་མང་པོ་འབྲེལ་བ་བྱེད་དགོས་པ། སྐྱབས་མགོན་རིན་པོའི་མཛད་འཕྲིན་ཐོག་མཛད་འཕྲིན་མང་པོ་སྒྲིག་དགོས་དུས། ལས་བྲེལ་ཆེན་པོ་རེད། ངས་དེ་སྔོན་ཕྱི་འབྲེལ་གྱི་ལས་དོན་ཞེ་དྲག་བྱེད་མྱོང་མེད་པས། སེམས་ནང་གདོང་ལེན་མང་པོ་བྱེད་དགོས་པའི་གནས་སྟངས་ཡོང་གི་རེད་བསམ་གྱི་འདུག ལས་དོན་བྱེད་རྒྱུ་སྤྱི་པའི་ལས་དོན་གང་ལ་བཏང་ཡང་འགྲོ་དགོས་རེད། སྲིད་སྐྱོང་གིས་འགྲོ་དགོས་རེད་གསུངས་དུས་ངས་དང་ལེན་བྱས་ཡིན་”ཞེས་གསུངས་སོང་།

སྐུ་ཉིད་ཉེ་སྔོན་བཀའ་ཤག་ནས་ལས་འགན་ཁྱོག་གི་མི་འདུག བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན་ཞེས་གསུངས་ནས་དགོངས་པ་ཞུས་རེད། ད་ལྟ་བསྐྱར་དུ་དོན་གཅོད་ཀྱི་འགན་ཁུར་དགོས་དོན་གང་ཡིན་སྐོར་དྲིས་པར། ཁོང་གིས། “དེ་གཉིས་འབྲེལ་བ་ཞིག་ཡོད་པ་རེད་བསམ་གྱི་མི་འདུག སྐབས་བཅུ་བཞི་པའི་བཀའ་ཤག་ནས་ང་བཟང་སྤྱོད་ཐོག་དགོངས་པ་ཞུས་པ་རེད། ལས་རིམ་མགོ་ཐོན་ཕྱིན་པ་རེད། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་མར་འགྲོ་དགོས་པའི་བཀའ་གནང་ཡོང་དུས། སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་སྤྱི་པའི་ཆ་ནས་བོད་པའི་སྤྱིའི་ལས་ཀར་འགན་ཁུར་དགོས་པའི་ལས་འགན་ཡོད་པར་ངོས་འཛིན་བྱས་ཏེ། དང་ལེན་ཞུས་པ་ཡིན་”ཞེས་གསུངས་སོང་།

མ་འོངས་ལས་འཆར་སྐོར་གང་ཡོད་དྲིས་པར། ཁོང་གིས་ད་ལྟ་དེའི་སྐོར་བསམ་བློ་གཏོང་རྒྱུའི་དུས་ཚོད་བྱུང་མེད་སྐོར་དང་། དེ་སྔོན་དོན་གཅོད་བསྟན་པ་ལགས་ཀྱིས་ཡག་པོ་གནང་ཡོད་པས། འཕྲོ་སྐྱོང་བྱེད་དགོས་པ་མང་པོ་ཡོད་སྐོར་གསུངས་སོང་།

བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་ཤག་ལས་དོན་འཁྱོལ་ལ་ཉེ་སྐབས་སྟེ། ཕྱི་ཟླ་༤ ཚེས་༦ ཉིན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། སྐབས་དེར་ཁོང་ལ་གསར་འགོད་པས་ཁོང་དགོངས་པ་ཞུ་དགོས་དོན་གང་ཡིན་སྐོར་བཅར་འདྲི་ཞུས་པར། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་གསུང་དོན། “སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ལྗིད་པོ་ཕེབས་པ་དང་། དེའི་ཐོག་གྲོས་ཚོགས་ཚར་རྗེས་གཏང་རག་གི་མཇལ་འཕྲད་ཞུ་སྐབས་ཆོས་སྐྱོང་ཚོས་ཧ་ལས་པའི་བཀའ་ལུང་ལྗིད་པོ་ཕེབས་འདུག དེ་འདྲ་ལ་བརྟེན་ནས་སོ་སོའི་འགན་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས། འགན་ཁུར་མ་ཐུབ་པའི་གནས་སྟངས་ཀྱི་རྡོག་ཁྲེས་སེམས་ནང་ཡོད་པས། བཟང་སྤྱོད་ཐོག་ནས་དགོངས་པ་གནང་རོགས་ཞེས་ལུགས་དང་མཐུན་པ་བྱས་ཏེ། དེ་རིང་ཞོགས་པ་སྲིད་སྐྱོང་ལ་བཅར་ནས་དགོངས་ཤོག་ཕུལ་བ་དང་། ལས་དོན་མཚམས་བཞག་པ་ཡིན་”ཞེས་གསུངས་ཡོད་པ་རེད།
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༡༦ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཁུར་དང་། བཀའ་ཤག་སྐབས་བཅུ་གསུམ་པ་དང་བཅུ་བཞི་པའི་ནང་བདེ་སྲུང་བཀའ་བློན་གྱི་འགན་ཁུར་གནང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།