བཀྲ་ཤིས་སྟོབས་རྒྱལ་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པ་དང་འོས་བསྡུའི་ལས་དོན་གསལ་བསྒྲགས།
ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་དང་། འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན། འགན་འཛིན་ལས་འཕར་སྣང་ས་ཆོས་སྒྲོན་བཅས་ཀྱིས་ཕྱི་ལོ་༢༠༢༥་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་བཅོ་བརྒྱད་པའི་འོས་བསྡུ་ཆེན་མོའི་ལས་དོན་ཁག་དང། སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

སྐབས་དེར་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ཀྱིས། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཚགས་ཚུད་ཡོང་སླད་དང་། མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་གོ་རྟོགས་སྤེལ་ཆེད། ཕྱི་ལོ་༢༠༢༥ ཟླ་བ་༡༠ ཚེས་༡༤ ནས་འགོ་འཛུགས་ཀྱིས་ཟླ་བ་༡༢ ཚེས་༨ བར་རྒྱ་གར་ནང་བོད་མིའི་གནས་སྡོད་ས་ཁག་གྲངས་༤༥ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་མིའི་གནས་སྡོད་ས་ཁུལ་ཆེ་ཁག་༡༡ བཅས་ཁྱོན་ས་གནས་གྲངས་༥༦ ཏུ་མང་ཚོགས་དང་། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་སོ་སོར་ཚོགས་འདུ་བསྡོམས་ཐེངས་༡༠༠ ཚོགས་ཐུབ་པ་བྱུང་ཡོད་འདུག་ཅིང་། ཚོགས་འདུ་དེ་དག་གི་སྐབས་སུ་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་འཐུས་ཚང་ཞུས་ཡོད་པ་མ་ཟད། འོས་བསྡུ་ཆེན་མོའི་སྐབས་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་ཁ་གསལ་ཞུས་པ་བཞིན་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བརྗོད་འདུག
འོས་འཕེན་པའི་དེབ་སྐྱེལ་གྲངས་འབོར་ཕྱོགས་བསྡོམས་སྐོར་བརྗོད་དོན། ཕྱི་ལོ་༢༠༢༥ དང་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སླད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར། ཕྱི་ལོ་༢༠༢༥ ཟླ་བ་༡༠ ཚེས་༨ ནས་འོས་བསྡུའི་དེབ་སྐྱེལ་གྱི་ལས་རིམ་འགོ་འཛུགས་ཀྱིས་ཟླ་བ་༡༡ ཚེས་༣༠ བར་མཇུག་སྒྲིལ་ཞུས་ཡོད་པར། རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་༥༦,༧༤༩ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པའི་དེབ་སྐྱེལ་གྲངས་༣༤,༢༩༣ བཅས་ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་འོས་འཕེན་པ་གྲངས་༩༡,༠༤༢ བྱུང་ཡོད་པ་ཁ་གསལ་ཞུས་སོང་།

དེ་བཞིན་འདི་ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་ཉེ་ལམ་ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༢༩ ཉིན་རྡ་སའི་ས་གནས་འགོ་འཛིན་ལས་ཁང་གི་ཚོགས་ཁང་དུ། ཕྱི་ལོ་༢༠༢༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སྐབས། འོས་བསྡུའི་སྒྲིག་གཞི་དང་འགལ་འཛོལ་བྱུང་བས་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་ཞུས་པའི་བཅད་ཁྲ་བཏང་ཡོད་པ་བརྗོད་སོང་ལ། བཅད་ཁྲའི་ནང་ཁོང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་གང་དང་གང་འགལ་ཡོད་མེད་དང་། འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གྱི་དོན་ཚན་གང་དང་གང་འགལ་ཡོད་མེད་སོགས་རྒྱུ་མཚན་དུ་དྲངས་ནས། “ཉིད་རང་ལ་ད་ཉིན་ནས་ལོ་ལྔ་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་ཐག་གཅོད་ཞུས་པ་དང་། གལ་ཏེ་འགལ་འཛོལ་འདི་རིགས་མུ་མཐུད་བྱུང་ཚེ་སྒྲིག་གསལ་ལྟར་ཉེས་ཆད་ཡན་པོར་མ་སོང་བ་བཏང་རྒྱུ་ཡིན་”ཞེས་སོགས་འཁོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
