བུད་མེད་གཉིས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དུ་འོས་འདེམས་བྱུང་སོང་།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་༨ པའི་ཐོག སྤྱི་ཟུར་ཚེ་རིང་གཡུ་སྒྲོན་དང་། ཤེས་རིག་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་གཉིས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དུ་འོས་འདེམས་བྱུང་སོང་།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༨ ཉིན། སྐབས་༡༧ པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པའི་ལས་ཉིན་བརྒྱད་པའི་ཐོག དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་འོས་འདེམས་བྱེད་པའི་ཁྲོད། སྡེ་ཚན་ཀ་པའི་ནང་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལ་འོས་གྲངས་༣༠ དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལ་འོས་གྲངས་༡༡ ཐོབ། སྡེ་ཚན་ཁ་པའི་ནང་། ཤེས་རིག་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལ་འོས་གྲངས་༣༢ དང་། དྲུང་ཆེ་ཟུར་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལ་འོས་གྲངས་༡༡ ཐོབ་ནས། སྤྱི་ཟུར་ཚེ་རིང་གཡུ་སྒྲོན་དང་ཤེས་རིག་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་གཉིས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དུ་འོས་འདེམས་བྱུང་སོང་།
སྤྱི་ཟུར་ཚེ་རིང་གཡུ་སྒྲོན་གྱིས་༡༩༨༣ ནས་༡༩༩༡ བར་མཱ་ར་ཌ་༼MYRADA PLAN༽ རོགས་ཚོགས་ལས་ཁང་ནང་ལོ་གསུམ་དྲུང་ཡིག་གི་ལས་འགན་དང༌། ལོ་གསུམ་ལས་འཆར་འགན་འཛིན། ལོ་གསུམ་རིང་གློག་ཀླད་དང༌། སྦྱིན་བདག་འབྲེལ་མཐུད་སྡེ་ཚན་བཅས་སུ་ཞབས་འདེགས་ཞུས། ཕྱི་ལོ་༡༩༩༢ ནས་༢༠༠༡ བར། ཧུན་སུར་རབ་རྒྱས་གླིང་གཞིས་ལས་ཁང་དུ་ལས་འཆར་སྡེ་ཚན་གྱི་འགན་འཛིན་༼PROJECT OFFICER༽ གནང་། ཕྱི་ལོ་༡༩༩༡ ནས་༡༩༩༤ བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང༌། དེའི་རྗེས་སླར་ཡང་༡༩༩༨ ནས་༢༠༠༥ བར་སྐབས་གཉིས་བསྟུད་མར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་ཞབས་ཞུ་བྱས། སྐབས་དེ་དག་ཏུ་༡༩༩༥ ནས་ ༡༩༩༧ བར་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོའི་ལས་འཁུར་ལོ་གསུམ་ཞུས། ཕྱི་ལོ་༢༠༠༠ ནས་༢༠༠༢ བར་ས་གནས་ཕ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཆབས་ཅིག་ཏུ་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཀྱི་དངུལ་གཉེར་དང༌། ཕྱི་ལོ་༢༠༠༤ ཟླ་༦ པ་ནས་ས་གནས་གཞོན་ནུའི་ཚོགས་གཞོན་གྱི་ལས་འགན་ཞུས་ཏེ། ཞབས་ཞུ་སྐབས་སོ་སོར་འཆར་འཕར་གྱི་ལས་འགུལ་མང་རབ་ཅིག་སྤེལ་རྩོམ་ཞུས་ཏེ་གྲུབ་འབྲས་ཀྱང་གང་ལེགས་ཐོན་ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༤ པ་ནས་ཧུན་སུར་རབ་རྒྱས་གླིང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སུ་མི་མང་གི་འོས་ཤོག་འཕངས་ཏེ། དེའི་ཚོགས་གཙོར་འདེམས་ཐོན་བྱུང་ནས་ཞབས་ཞུ་བྱས། ༢༠༠༦ ཟླ་༦ པ་ནས་སྐབས་༡༤ པའི་མདོ་སྨད་ཆོལ་ཁའི་ཐོབ་ཁོངས་སུ་བོད་མི་མང་སྤྱི་འཐུས་ལ་འོས་འདེམས་བྱུང་བ་དང་སྐབས་༡༥ པའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་འདུག།
སྣང་ས་ཆོས་སྒྲོན་ནི་ཕྱི་ལོ་༡༩༥༤ ལོར་སྟོད་སྐྱིད་གྲོང་རྫོང་དུ་སྐྱེས་ཤིང་། དགུང་ལོ་༤ ཙམ་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་མ་སུ་རི་གཏན་སློབ་ཏུ་གཞི་རིམ་སློབ་གཉེར་གནང་། དེའི་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་པན་ཇབ་གཙུག་ལག་སློབ་ཆེན་ནས་རིག་གནས་རབ་འབྱམས་པ་ཐོན། ཕྱི་ལོ་༡༩༧༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ནང་འཛུལ་ཞུགས་ཀྱིས་ཕྱི་ལོ་༡༩༩༠ བར། ས་གནས་གཞིས་ཆགས་ཁག་ཅིག་ཏུ་རྩིས་པ་ལས་དྲུང་དང་། ཕྱི་ལོ་༡༩༩༠ ནས་༡༩༩༢ བར་སྦིར་གཞིས་མགོ ཕྱི་ལོ་༡༩༩༢ ནས་༢༠༠༤ བར་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འདྲ་མིན་གྱི་འགན་འཛིན་གནང་། ཕྱི་ལོ་༡༩༩༧ ནས་༡༩༩༩ བར་ཨ་རིའི་མངའ་སྡེ་ཁ་ལའི་ཧྥོ་ནེ་ཡའི་༼The Monterey Institute of International Studies༽ མཐོ་སློབ་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་འཛིན་སྐྱོང་ལས་རིགས་ཐོག་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་༢༠༠༤ ནས་༢༠༡༤ བར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་དང་། ཕྱི་ལོ་༢༠༡༤ ནས་༢༠༡༦ བར། ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད། ཕྱི་ལོ་༢༠༡༦ ནས་༢༠༡༨ བར། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེའི་ལས་འགན་བཅས་འཁུར། ཕྱི་ལོ་༢༠༡༨ ནས་ད་ལྟ་བར་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པའི་འགན་འཁུར་མུས་ཡིན་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།