བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་སྐུ་གྲོངས་པ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་བམ་འཕྲིན་ལས་ཆོས་ལྡན་དགུང་ལོ་༥༠ ཐོག་ལྷ་སའི་མི་དམངས་སྨན་ཁང་དུ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
ཁོང་ནི་ཕ་ཡུལ་འཕན་པོ་རྫོང་ལྕང་ར་ཤང་ནས་ཡིན་ཞིང་། དེ་སྔོན་འབྲས་སྤུངས་དགོན་པའི་བདེ་དབྱངས་ཁང་ཚན་གྱི་དགེ་འདུན་པ་ཡིན། ཕྱི་ལོ་༡༩༩༢ ཟླ་༥ ཚེས་༡༢ ཉིན་ལྷ་སར་དགེ་འདུན་པ་༡༦ ནས་ཞི་རྒོལ་གནང་བ་དེའི་ཁོངས་སུ་ཡོད་པར་བརྟེན། རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གྲྭ་བཞི་བཙོན་ཁང་དུ་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད། ལོ་གསུམ་གྱི་དུས་བཀག་ཟིན་ཏེ་གློད་བཀྲོལ་ཐོབ་རྗེས། རྒྱ་ནག་གཞུང་གིས་རྒྱུ་མཚན་གསལ་བཤད་མེད་པར་ཁོང་སླར་ཡང་འཛིན་བཟུང་བྱས་ནས་ལོ་བཞིའི་ཁྲིམས་ཐག་བཅད།
བར་སྐབས་ཞིག་ནས་ཁོང་ལ་གཅིན་སྙིའི་ནད་གཞི་བྱུང་བས་ད་ལོའི་ལོ་འགོར་ལྷ་སའི་མི་དམངས་སྨན་ཁང་དུ་སྨན་བཅོས་གནང་ཡང་ནད་གཞི་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་༢༠༢༠ ཟླ་༢ ཚེས་༡༧ ཉིན་བོད་ནང་གི་ཐོ་རེངས་ཆུ་ཚོད་༣:༡༥ ཙམ་ལ་དགོངས་པ་རྫོགས་པ་དང་། དམ་པ་ཁོང་དགོངས་པ་རྫོགས་སྐབས་དགུང་ལོ་༥༠ ཡིན་འདུག
བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱ་ནག་གི་བཙོན་ཁང་དུ་གདུག་རྩུབ་ཀྱི་མནར་གཅོད་དང་སྨན་བཅོས་ལྟ་སྐྱོང་མི་བྱེད་པ་དེ་ཆེས་རྒྱུན་ལྡན་ཡིན་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་བསམ་གྲུབ་ལྟ་བུའི་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་གྲོལ་ཐོབ་ན་ཡང་ནད་གཅུང་ཅན་དུ་གྱུར་ནས་སྐུ་གྲོངས་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།