བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་གནང་སོང་།
ཟླ་འདིའི་ཚེས་༢༩ ཉིན་གྱི་སྔ་དྲོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་དེའི་ཐོག་ཕྱི་དྲིལ་བཀའ་བློན་བཙོས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་རྩོམ་སྒྲིག་འགན་འཁུར་བ་རིག་སྨོན་ཚེ་རིང་བསམ་གྲུབ། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཁག་ཅིག་དང་གསར་འགོད་པ་རྣམས་བཅས་མཉམ་ཞུགས་བྱས་འདུག སྐབས་དེར་ཕྱི་དྲིལ་བཀའ་བློན་གྱིས་སྲིད་དབང་སྒེར་གཅོད་པའི་བྱེད་སྟངས་དང་མི་འདྲ་བར། ཉམས་ཞིབ་པ་ཚོས་རང་དབང་ཆ་ཚང་ལོངས་སུ་སྤྱད་ནས་ཉམས་ཞིབ་ཀྱི་དཔེ་དེབ་གསར་པ་ཐོན་པ་ནི་དགའ་སྤོབས་བྱེད་དགོས་པ་ཞིག་དང་། དཔྱད་རྩོམ་དེ་ཚོ་ལ་ཡང་ཆེ་མཐོང་ཤུགས་ཆེ་བ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་སོང་།
དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་སྲིད་བྱུས་ཉམས་ཞིབ་ཁང་གི་གླེང་སྟེགས་སམ་གྲ་སྒྲིག་བྱེད་མཁན་ཞིག་གི་ངོ་བོའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཙམ་མིན་པ། ད་ལྟའི་ཆར་རྒྱལ་སྤྱིའི་ནང་བོད་ཀྱིི་གནས་སྟངས་དང་མ་འོངས་པར་ཇི་ལྟར་བྱེད་དགོས་མིན་ཐོག་དཔྱད་རྩོམ་དང་གཏམ་བཤད་སོགས་གང་ཐུབ་བསྡུ་རུབ་ཀྱིས་པར་བསྐྲུན་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་མ་ཟད། མ་འོངས་པར་བོད་ཙམ་མ་ཡིན་པར་རྒྱལ་སྤྱིའི་ནང་གི་བོད་རིག་པའི་མཁས་པ་དང་ཧི་མ་ལ་ཡའི་མཁས་པ་སོགས་བསྡུ་རུབ་དང་། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཚོགས་འདུ་གང་ཐུབ་གོ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་སོང་།
གཞན་ཡང་། རྩོམ་སྒྲིག་འགན་འཁུར་བ་རིག་སྨོན་ཚེ་རིང་བསམ་གྲུབ་ཀྱིས་སྔོན་མ་ཡིན་ན། ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་རེ་རེ་ཚོགས་ཚར་རྗེས། དེ་ལས་དཔྱད་རྩོམ་ཡག་ཤོས་དག་འདེམས་སྒྲུག་བྱས་ནས། བོད་ཀྱིི་སྲིད་བྱུས་ཉམས་ཞིབ་ཁང་གི་ལོ་འཁོར་དུས་དེབ་ནང་སྤེལ་གྱི་ཡོད་ཀྱང་། ད་ལོའི་ཚོགས་འདུ་ཐེངས་དགུ་པའི་སྟེང་འདེམས་སྒྲུག་བྱས་པའི་དཔྱད་རྩོམ་ཡོད་དོ་ཅོག་གི་སྤུས་ཀ་བཟང་ངན་ལ་མ་ལྟོས་པར། ཚོགས་འདུའི་ཐོག་གཏམ་བཤད་གནང་ཟིན་པའི་རྩོམ་ཡིག་ཚང་མ་དེབ་གཟུགས་ནང་ལོགས་སུ་ཕྱེས་ནས་པར་བསྐྲུན་བྱས་ཡོད་པ་དང་། བཙན་བྱོལ་ནང་དཔྱད་རྩོམ་ཀློག་མཁན་དང་འབྲི་མཁན་ཉུང་བས། བཙན་བྱོལ་ནང་གི་རང་རེའི་གཞོན་སྐྱེས་ཤེས་ཡོན་པ་གསོ་སྐྱོང་བྱེད་པ་དང་གཞོན་སྐྱེས་ཚོས་བོད་ཀྱི་རིག་གཞུང་ལ་ཉམས་ཞིབ་གནང་བའི་སེམས་ཤུགས་འཕར་བའི་དམིགས་ཡུལ་བཟུང་ནས་པར་བསྐྲུན་བྱས་ཡོད་ཅེས་གསུངས་སོང་།
ཐེངས་འདིར་དབུ་འབྱེད་བྱས་པའི་དཔེ་དེབ་ལ་ཤོག་གྲངས་༤༤༧ ཡོད་པ་དང་དེབ་དེའི་ནང་བོད་ཀྱི་ན་གཞོན་ཉམས་ཞིབ་པ་༢༤ ཡི་དཔྱད་རྩོམ་འཁོད་འདུག་པ་དང་། གཞན་ཡང་རྩོམ་པ་པོ་རེ་ཟུང་གིས་དབྱིན་ཡིག་ནང་དཔྱད་རྩོམ་བྲིས་ཡོད་འདུག་པས་དེ་དག་འདེམས་སྒྲུག་བྱས་ཏེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དབྱིན་ཡིག་གི་ལོ་འཁོར་དུས་དེབ་ནང་བཀོད་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
