བོད་དང་ཤར་ཏུར་ཀི་སི་ཐན་ཕན་ཚུན་བར་རྒྱལ་ཁབ་སོ་སོའི་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་སྤྲོད་རེས་བྱས།
བོད་རང་བཙན་འཐབ་རྩོད་པ་ཁག་ཅིག་བཙན་གནོན་འོག་གི་རྒྱལ་ཁབ་ཚོའི་རང་དབང་རང་བཙན་ཞེས་པའི་ལས་འགུལ་ནང་མཉམ་ཞུགས་བྱས་ནས། བོད་ཀྱི་རང་བཙན་འཐབ་རྩོད་དང་། རྒྱ་ནག་གི་བཙན་གནོན་འོག་གི་དཀའ་སྡུག་སོགས་ཀྱི་ཐོག་ལ་གཏམ་བཤད་གནང་ཡོད་པ་མ་ཟད། བོད་དང་ཤར་ཏུར་ཀི་སི་ཐན་ཕན་ཚུན་བར་རྒྱལ་ཁབ་སོ་སོའི་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་སྤྲོད་རེས་ཀྱང་བྱས་འདུག

ཟླ་འདིའི་ཚེས་༢༡ ཉིན། ཡུ་གུར་བཙན་བྱོལ་གཞུང་གི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི། ཨ་རིའི་གྲོས་ཚོགས་ཀྱི་ཟུར་ཚོགས་ཁང་ཞིག་གི་ནང་དུ། བཙན་གནོན་འོག་གི་རྒྱལ་ཁབ་ཚོའི་རང་དབང་རང་བཙན་ཞེས་པའི་ལྷན་ཚོགས་ཞིག་ཚོགས་འདུག་པ་དང་།
ལྷན་ཚོགས་དེའི་ཐོག་ཨ་རིའི་དམག་དཔོན་ཟུར་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་བྷེན་ ལོ་སོན་༼Ben Lowson༽ སོགས། ཨ་རིའི་ལས་བྱེད་ཁག་ཅིག དེ་བཞིན་ ཡུ་གུར་བཙན་བྱོལ་གཞུང་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ས་ལི་ཧ ཧུ་ད་ཡར་༼Salih Hudayar༽ ལགས་དང། ཁོང་གི་ལས་རོགས་རྣམ་པ། གཞན་ཡང་བོད་ཀྱི་རང་བཙན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་དང་། ཚེ་བརྟན་ལྷ་རྒྱལ། བསྟན་འཛིན་དབང་འདུས། བེ་རི་བསམ་དགའ། བྱམས་པ་འབྱོར་ལྡན་དང་། སྤོ་ཆུང་ཚང་དོན་གྲུབ་ལྷ་དར་བཅས་བོད་ཀྱི་མིང་ཐོག་ནས་མཉམ་ཞུགས་གནང་འདུག
ལྷན་ཚོགས་དེའི་ཐོག་ཕྱོགས་སོ་སོའི་སྐུ་ཚབ་ཀྱི་རྒྱལ་ཁབ་སོ་སོའི་རང་བཙན་འཐབ་རྩོད་དང་། རྒྱ་ནག་གི་བཙན་གནོན་འོག་གི་དཀའ་སྡུག དེ་བཞིན་བཙན་གནོན་མྱོང་མཁན་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་རྒྱབ་སྐྱོར་སྐོར་ངོ་སྤྲོད་གཏམ་བཤད་དང་། དྲི་བ་དྲི་ལན། ཟུང་སྦྲེལ་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་འདུག།

གལ་གནད་ཆེ་བ་ཞིག་ལ། བོད་དང་ཤར་ཏུར་ཀི་སི་ཐན་ཕན་ཚུན་བར་རྒྱལ་ཁབ་སོ་སོའི་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་སྤྲོད་རེས་བྱས་པའི་ཁོངས་སུ། བོད་ཀྱི་ཕྱོགས་ནས་དེ་སྔོན་མཁས་དབང་འཇམ་དབྱངས་ནོར་བུས་བྲིས་པའི་བོད་རང་བཙན་གྱི་བདེན་དོན་ཁུངས་སྐྱེལ་ཡིག་ཆ་མཚོན་ལྡན་པར་དང་བཅས་པ་སྐུ་མགྲོན་ཁག་ལ་རེ་རེ་བཞིན་ཕུལ་ཡོད་འདུག་པ་དང་། ཡུ་གུར་བའི་ངོས་ནས་ཀྱང་ཤར་ཏུར་ཀི་སི་ཐན་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་བཙན་བྱོལ་ཡུ་གུར་གཞུང་གིས་པར་སྐྲུན་བྱས་པ་ཞིག་འགྲེམས་སྤེལ་གནང་ཡོད་འདུག
དེ་བཞིན་ཀིམ་བརྒྱུད་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བོད་རང་བཙན་ཁུངས་སྐྱེལ་གྱི་ལོ་རྒྱུས་བརྒྱུད་འབུལ་ཞུས་རྗེས། ཨ་རིའི་གྲོས་ཚོགས་ཁང་ཆེན་མདུན་དུ། བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས་རྒྱ་ནག་གི་བཙན་འཛུལ་འོག་ཚུད་པའི་རྒྱལ་ཁབ་ཁག་གི་ས་ཁྲ་མཉམ་འཁོད་མཚོན་ལྡན་ལག་བྲིས་མ་བོད་དབྱིན་གཉིས་ཐོག་ནས་འབོད་ཚིགས་ཡོད་པའི་འཕྲེད་དར་ཆེན་པོ་དེ་དཔྱངས་ནས། རྒྱལ་ཁབ་དེ་དག་ལ་རང་དབང་རང་བཙན་དགོས་པའི་འབོད་ཚིག་དང་། ཡུ་གུར་ཕྱི་སྲིད་བློན་ཆེན་དང་། སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གཉིས་ཀྱིས་གཏམ་བཤད་ཐུང་ངུ་རེ་གནང་རྗེས་མཉམ་པར་བླངས་ནས་ལས་འགུལ་མཇུག་སྒྲིལ་འདུག
གཞན་ཡང་། ཐེངས་འདིའི་མཚོན་ལྡན་ས་ཁྲ་དེ་བཞིན་ཚེ་བརྟན་ལྷ་རྒྱལ་དང་བེ་རི་བསམ་དགའ། བསྟན་འཛིན་དབང་འདུས་སོགས་ཀྱིས་ལག་བྲིས་གནང་བ་ཞིག་དང་། ས་ཁྲ་འབྲི་ས་ཡང་ཡར་ཀླུང་ཚོགས་ཁང་གི་སྦྱིན་བདག་རྣམ་པས་ཚོགས་ཁང་ཉིན་བཞིའི་རིང་གླ་མེད་དུ་གཡར་ཡོད་འདུག གནས་ཚུལ་ཡོང་ཁུངས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱི་ངོ་དེབ།
གསར་འགོད་པ། བློ་བཟང་རྒྱ་མཚོ།
