བོད་ནི་འཛམ་གླིང་སྟེང་གི་རང་དབང་སྡུག་ཤོས་སུ་ངོས་འཛིན་བྱས་འདུག 

འཛམ་གླིང་གི་མང་གཙོ་དང་རང་དབང་ལ་རྟོག་ཞིབ་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཏེ། ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རང་དབང་ཁང་པའི་(Freedom House) ལོ་འཁོར་སྙན་ཐོ་གསར་ཤོས་ནང་། བོད་ནི་འཛམ་གླིང་སྟེང་གི་རང་དབང་སྡུག་ཤོས་ཀྱི་ས་ཁུལ་ལམ་རྒྱལ་ཁབ་ཏུ་བཀོད་འདུག 

རྒྱལ་སྤྱིའི་རང་དབང་ཁང་པས་ཕྱི་ཟླ་༣ ཚེས་༣ ཉིན་བཏོན་པའི་༢༠༢༡ ལོའི་ལོ་འཁོར་སྙན་ཐོའི་ནང་དུ་གསལ་བ་ལྟར་ན། བོད་ལ་རང་དབང་གི་སྐར་གྲངས་༡༠༠ ནས་སྐར་མ་༡ མ་གཏོགས་ཐོབ་མི་འདུག་པས། འཛམ་གླིང་སྟེང་གི་རང་དབང་ཆེས་སྡུུག་ཤོས་ཀྱི་ས་ཁུལ་ལམ་རྒྱབ་ཁབ་དེ་ཆགས་འདུག 

འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཚད་འཇལ་བྱེད་མཁན་གྱི་ཚོགས་པའི་དེའི་ལོ་རེའི་སྙན་ཐོ་ལྟར་ན། འདས་པའི་ལོ་ཤས་ནང་འཛམ་གླིང་སྟེང་གི་རང་དབང་ཆེས་ཞན་ཤོས་ཀྱི་རྒྱལ་ཁབ་དེ་སི་རི་ཡཱ་(Syria) ཆགས་ཡོད་པ་དང་། དེ་ནས་ཨང་གཉིས་པ་དེ་རྒྱ་ནག་གི་དབང་སྒྱུུར་འོག་དུ་ཡོད་པའི་བོད་ཆགས་ཡོད། ན་ནིང་གི་སྙན་ཐོའི་ནང་སི་རི་ཡཱ་ལ་སྐར་གྲངས་༡༠༠ ནས་གཅིག་ཀྱང་ཐོབ་མེད་ན་ཡང་། འདི་ལོར་སྐར་མ་གཅིག་ཐོབ་འདུག་པས། བོད་དང་གཅིག་མཚུངས་སུ་གྱུར་འདུག

སྙན་ཐོ་དེ་དང་འབྲེལ་བའི་ཐད་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་གིས་“རྒྱལ་སྤྱིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་འཛམ་གླིང་གི་རང་དབང་སྡུག་ཤོས་སུ་གྱུར་བ་དེས་བོད་ནང་གི་གནས་སྟངས་ཅི་ཙམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་པོར་མཚོན་གྱི་ཡོད།  ང་ཚོས་རང་དབང་སྡུག་ཤོས་སུ་གྱུར་བའི་གནས་ཚུལ་འདི་འཛམ་གླིང་ལ་བོད་དོན་ཐད་ཛ་དྲག་གི་གདོང་ལེན་བྱེད་དགོས་པའི་སྐུལ་མ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག 

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་“འདས་པའི་ལོ་དྲུག་གི་ནང་བོད་ལ་རང་དབང་གི་སྐར་གྲངས་[བརྒྱ་ནས་]གཅིག་ཐོབ་ཡོད། བསྟུད་མར་ལོ་དྲུག་ལ་དེ་ལྟར་ཐོབ་བ་དེས་བོད་ནང་གི་གནས་སྟངས་ཅི་འདྲའི་ཛ་དྲག་ཡིན་པ་སྟོན་གྱི་ཡོད། སི་རི་ཡཱའི་སྐར་གྲངས་དེ་ཀླད་ཀོར་ནས་གཅིག་ལ་ཡར་འཕར་ཡོད་རུང་། རྒྱ་ནག་གཞུང་གིས་མུ་མཐུད་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པར་བརྟེན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་སྔར་བཞིན་ཛ་དྲག་ཏུ་གནས་ཡོད་”ཅེས་གསུངས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།