བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་༦༥ འཁོར་བའི་དུས་ཆེན་ཉིན་མོ་སྲུང་བརྩི།
ཟླ་འདིའི་ཚེས་༢ ཉིན། ༸གོང་ས་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་གནང་སྟེ། ལོ་ངོ་༦༥ འཁོར་བའི་དུས་ཆེན་མཛད་སྒོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་༼Alfred Kan-Ngam Arthur༽ མཆོག་དང་ཉི་ཧོང་གྲོས་ཚོགས་འཐུས་མི་སྐུ་ཞབས་༼Wada Yuichiro༽ མཆོག་རྣམ་གཉིས་དང་། གཞན་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ས་གནས་སེར་སྐྱ་མི་མང་སོགས་ཕེབས་འདུག

མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། “༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༧སྐུ་ཚེ་ཡུན་རིང་བཞུགས་རྒྱུ་ངེས་བརྟན་ཡིན་པ་དང་། མུ་མཐུད་མཛད་ཁུར་བཞིའི་ཐོག་ཐུགས་བརྩོན་མཛད་རྒྱུ་མ་ཟད། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་མ་འོངས་༧རྒྱལ་བའི་ཡང་སྲིད་ཀྱང་རང་དབང་ལུང་པར་འཁྲུངས་རྒྱུའི་བཀའ་གསལ་ཕེབས་ཟིན་ཡོད་ལ། རང་དབང་ལུང་པ་ནས་འབྱོན་ངེས་ཀྱི་༧རྒྱལ་བའི་ཡང་སྲིད་གང་ཉིད་འཚོལ་ཞིབ་ངོས་འཛིན་དང་། ཁྲི་འདོན་གྱི་འགན་ཁུར་རྣམས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩས་ལེན་རྒྱུ་ཡིན་ཞིང་། དགེ་རྩའི་དབང་ལྡན་འགན་འཛིན་རྣམ་པས་། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ཡིན་ལ། སྐུ་ཕྲེང་ན་རིམ་ནས་གངས་ཅན་པ་རྣམས་སྐྱོང་བའི་གཡར་དམ་གཡེལ་མེད་སྒྲུབ་ངེས་པས། རྒྱ་ནག་གུང་ཁྲན་གཞུང་གི་ཧམ་ཤེད་ངན་གཡོའི་རྫུན་སྤྱོད་རྣམས་རྒྱལ་སྤྱིའི་ནང་དང་། ནང་པའི་སྤྱི་ཚོགས་སྤྱི་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པའི་ཁྲོད་ངོས་ལེན་ཐོབ་པའི་གཞི་རྟེན་གང་ཡང་མེད་པ་ཆགས་རྒྱུ་ཉག་ཅིག་ཡིན་ཞེས་དང་། མང་གཙོ་ལམ་ལུགས་ནི་བོད་དོན་འཐབ་རྩོད་ཀྱི་གཞོམ་གཞིག་མི་ཐུབ་པའི་སྟོབས་ཤུགས་ཡིན་ལ། མ་འོངས་པར་གཞིས་བྱེས་ལྷན་འཛོམས་སྐབས་གཞིས་བཞུགས་སྤུན་ཟླ་ཚོར་འབུལ་རྒྱུའི་ལེགས་སྐྱེས་རྩ་ཆེ་ཤོས་ཀྱང་འདི་ཡིན་”སོགས་འཁོད་འདུག
དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། སླེབས་ལ་ཉེ་བའི་འོས་བསྡུའི་ནང་ཆ་ཤས་བཞེས་མཁན་ཡོངས་ནས་དོ་སྣང་དང་ཐུགས་འཁུར་ཆེ་བཞེས་དགོས་པའི་སྐོར་འཁོད་དོན། “ཕྱི་ལོ་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བས། དེ་བསྟུན་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོ་དང་། དངོས་གཞིའི་འོས་བསྡུའི་དུས་ཚེས་སོགས་ཀྱི་ལས་རིམ་ཞིབ་ཕྲ་རིམ་པས་ཡོང་རྒྱུར་སོང་། འོས་བསྡུའི་ནང་ཆ་ཤས་བཞེས་མཁན་བཙན་བྱོལ་བོད་མི་ཡོངས་ནས་དོ་སྣང་དང་ཐུགས་འཁུར་ཆེ་བཞེས་གནང་སྟེ། གཙོ་བོ་རྒྱ་ནག་གཞུང་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་བཙན་བྱོལ་སྤྱི་ཚོགས་ནང་འཁྲུག་གཞིའི་ལས་དོན་སྤེལ་གྱི་ཡོད་སྟབས། དེ་འདྲའི་སྲིད་དོན་གྱི་ལག་ཆར་མི་འགྲོ་བ་གཟབ་ནན་དགོས་རྒྱུ་དང་། དེ་བཞིན་ཅོལ་ཆུང་བ་ཉུང་ཤས་ཀྱིས་ཆོལ་ཁ་ཆོས་བརྒྱུད་ཁ་ལ་འཁྱེར་ནས་སྤྱི་ཚོགས་དྲྭ་ལམ་སོགས་ནང་ཕུ་དཀྲུག་མདའ་དཀྲུག་བྱེད་པར་རྗེས་སུ་མི་འགྲོ་བར་སོ་སོའི་རྣམ་དཔྱོད་ལ་བརྟེན་ནས་བོད་མིའི་ཡ་རབས་སྤྱོད་བཟང་ཉམས་ཞན་དུ་མ་སོང་བར་འོས་བསྡུའི་སྒྲིག་གཞི་དང་འགལ་མེད་ཐོག རང་རང་གི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་རྒྱུའི་འགན་ཁུར་བཞེས་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན་ཞེས་དང་།
རྒྱ་ནག་གཞུང་གི་བོད་དུ་སྲིད་བྱུས་ངན་པ་བཤམ་བཞིན་པའི་སྐོར་འཁོད་དོན། “རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་བརླག་ཏུ་གཏོང་བ་སོགས་ཀྱི་སྲིད་བྱུས་ངན་པ་བཤམ་རྒྱུ་མཚམས་འཇོག་བྱ་རྒྱུ་ཕར་ཞོག ད་དུང་སྲིད་བྱུས་ཇེ་ངན་ཇེ་སྡུག་ཏུ་གཏོང་མུས་ཡིན། ༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་འདི་ཉིད་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པའི་ལམ་སྟོན་འདས་ལོ་བཅུ་ཕྲག་མང་པའི་རིང་གནང་ཡོད་ན་ཡང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་རྣ་བར་མི་འཇེབས་པ་དང་། བཙན་དབང་འོག་ཏུ་འཛིན་པའི་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ལ་རྒྱུན་དུ་སུན་གཙེར་དང་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་ད་དུང་ཡང་མཚམས་འཇོག་བྱས་མེད། འོན་ཀྱང་གཞིས་བཞུགས་བོད་མི་རྣམས་ཀྱིས་མི་རིགས་ཀྱི་ལ་རྒྱ་འགྱུར་མེད་བརྟན་བཟུང་གནང་བཞིན་ཡོད་པས་རང་རེ་བྱེས་འཁོད་བོད་མི་རྣམས་ལ་སེམས་ཤུགས་དང་སྙིང་སྟོབས་འཕར་མ་སྐྱེད་གཞི་ཞིག་ཏུ་གྱུར་ཡོད་”སོགས་འཁོད་འདུག
ཕྱི་ལོ་༡༩༦༠ ལོའི་དེ་རིང་གི་ཉིན་མོར་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་འོས་ཐོན་བསྐོ་གཞག་བྱུང་བ་རྣམས་ཀྱིས་ལས་ཁུར་འགོ་འཛུགས་ཞུས་ཏེ་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ཡོད་པ་རེད།
དེ་རིང་མཛད་སྒོའི་ཐོག་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་༼PhD༽ སློབ་མཐར་ཕྱིན་པའི་འབུམ་རམས་པ་སློབ་ཕྲུག་༩ ལ་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས་གནང་སོང་ལ། རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢ ཀྱི་རིག་ཚན་གསུམ་གྱི་རྩེ་ཕུད་ཨང་རིམ་དང་པོ། གཉིས་པ། གསུམ་པ་སོན་མཁན་སློབ་ཕྲུག་༡༠ ལ་དགའ་ལྡན་ཕོ་བྲང་གི་བྱ་དགའ། དེ་བཞིན་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢ ཡིག་རྒྱུགས་ཁྲོད་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་༩༥ ཡན་ལོན་པའི་སློབ་ཕྲུག་༤ ལ་ཕྱག་འཁྱེར་དང་ཕུལ་བྱུང་བྱ་དགའ་ལག་འཁྱེར་རྩིས་འཕྲུལ་རེ་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།
