བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཕེབས་ནས། སྐད་ཡིག་ཡར་རྒྱས་དང་ཤེས་ཡོན་གྱི་འགན་འཁྲི། སྤྱི་དོན་ཁུར་ལེན་དགོས་སྐོར་བཅས་གསུངས་ཡོད་འདུག
ཝཱཎ་མཐོ་སློབ་ཀྱི་སློབ་མ་རྫ་མེ་སྟག་གིས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་གསལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་ཉིན་རྒྱབ་ཝཱཎ་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་མཇུག་བསྡོམས་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་དང་། དམིགས་བསལ་སྐུ་མགྲོན་ཝཱཎ་གཙུག་ལག་སློབ་ཁང་གི་རིག་བདག་ངག་དབང་བསམ་གཏན། བྷུན་ཊར་དགེ་འོས་མཐོ་སློབ་ཀྱི་ངེས་སྟོན་པ་བཀྲིས་དོན་གྲུབ་བཅས་ཕེབས་ཡོད་འདུག
མཇུག་བསྡོམས་མཛད་སྒོའི་ཐོག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་“བར་ལམ་ནས་༧གོང་ས་མཆོག་གི་བཀའ་གནང་བ་བཞིན་བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་པས། དེ་ད་ལྟ་གཞི་རིམ་སློབ་གྲྭ་ནས་འདོད་བློ་མ་ཁེངས་པ་ཞིག་ཡོད་རེད། རྣམ་པ་ཚོ་གཞི་རིམ་སློབ་གྲྭ་འགྲིམས་ཚར་བ་རེད། ཡིན་ན་ཡང་མཐོ་རིམ་སློབ་གྲྭའི་སྐབས་སུ་ཐུགས་སྣང་དགོས་ཀྱི་འདུག བོད་ཀྱི་སྐད་ཡིག་དེ་བྱང་ཆུབ་སེམས་དཔའི་སྐད་ཡིག་ཅིག་རེད་འདུག སྔོན་བྱོན་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་གསུངས་ཡོད་རེད། དེ་བཞིན་རིག་གསར་གྱི་ཐ་སྙད་དེ་ཚོ་བོད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་པ་དགོས་ཀྱི་འདུག”ཅེས་སོགས་སྐད་ཡིག་ཡར་རྒྱས་དང་ཤེས་ཡོན་གྱི་འགན་འཁྲི་སོགས་ཀྱི་ཐོག་ནས་བཀའ་སློབ་གནང་ཡོད་པ་མ་ཟད། སྤྱི་དོན་ཐོག་འཁུར་ལེན་དགོས་པའི་སྐོར་ལ་“ང་ཚོར་སྤྱི་དོན་སེམས་བསྐྱེད་ཞེས་པ་ཞིག་དགོས་ཀྱི་འདུག དེ་ཧ་ཅང་གལ་ཆེན་པོ་ཞིག་མཐོང་གི་འདུག ཆོས་ཕྱོགས་ནས་དེ་ལ་གཞན་དོན་སེམས་བསྐྱེད་ཟེར་བ་རེད། སྒེར་དོན་སེམས་སྐྱེད་སྣང་ཆུང་བ་དང་སྤྱི་དོན་སེམས་བསྐྱེད་དེ་སྣང་ཆེན་གནང་ཐུབ་ན་ཡག་པོ་འདུག་”ཅེས་སོགས་གསུངས་ཡོད་འདུག
གཞན་ཡང་མཇུག་བསྡོམས་མཛད་སྒོ་མ་འཚོགས་གོང་ཚོགས་ཆེན་གྱི་ཉིན་མཐའ་མའི་སྔ་དྲོར། ༧གོང་ས་མཆོག་གི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ཕེབས་ནས། བོད་རིགས་སློབ་མ་རྣམས་ལ་<<རིག་གནས་ནང་འདྲེན་གྱི་གལ་གནད་དང་ལོ་ཙཱ་བ་གསོ་སྐྱོང་བྱེད་ཐབས།>>ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲི་ལན་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་“ངས་ང་རང་ཚོའི་སྐད་ཀྱི་ནང་དུ་ཡོད་བསྡད་པ་དག་ཕར་བསྒྱུར་བཞིན་ཡོད། ཡིན་ནའང་ཁྱོད་རང་ཚོས་རིག་གནས་ནང་འདྲེན་བྱེད་རྒྱུའི་ཐད་ནས་ཤུགས་བསྐྱེད་དགོས་རེད། ལྷག་པར་དུ་ཁྱོད་རང་ཚོ་ལོ་ཙཱ་བ་ཚད་ལྡན་ཞིག་བྱ་འདོད་ཡོད་ན་སྒྲུང་དེབ་མང་ཙམ་བཀླགས་ནས་སྐད་ཡིག་ཡར་རྒྱས་གཏོང་དགོས་ཀྱི་རེད།”ཅེས་དང་། “ཁྱོད་རང་ཚོས་རྗེས་ཕྱོགས་ནས་ལོ་ཙཱ་བ་བྱེད་འདོད་ཡོད་ཚེ་ཐོག་མར་སྐད་ཡིག་གང་དུ་བསྒྱུར་རྒྱུའི་སྐད་ཡིག་དེ་ངེས་པར་དུ་གནས་ཚད་ལོངས་པ་ཞིག་བཟོ་རྒྱུ་དང་བསྒྱུར་རྒྱའི་ཤེས་བྱ་དེའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་ཤེས་པའི་ཐོག་ནས་བསྒྱུར་ཐུབ་ན་ཧ་ཅང་ཡག་པོ་ཡོད་རེད་”ཞེས་གསུངས་ཡོད་འདུག་པ་མ་ཟད། དེ་རྗེས་ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་མཐོ་རིམ་སློབ་མའི་ཤེས་ཡོན་དང་འགན་འཁྲིའི་སྐོར་བཀའ་སློབ་གནང་།
མཐོ་སློབ་ཁག་༡༨ ནས་ཡོང་བའི་སློབ་མ་དག་གིས་མ་འོངས་མཐོ་རིམ་སློབ་མའི་ཤེས་ཡོན་གྱི་གནས་བབ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཐོ་སློབ་ཁག་ཏུ་ཡོད་པའི་སློབ་མ་དག་ལ་གཟིགས་རྟོགས་སོགས་ཀྱི་སྐོར་དྲི་བ་དྲིས་ལན་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་“ང་ཚོས་སྔོན་མ་ནས་གཞི་རིམ་སློབ་གྲྭ་ལ་འདོད་བློ་མ་ཁེངས་པ་དང་མཐོ་རིམ་སློབ་ཆེན་ལ་འདོད་བློ་མ་ཚིམ་པ་ཞིག་ཡོང་གིན་ཡོད། དེ་ནི་དགེ་རྒན་ཙམ་མ་ཡིན་པར་ང་ཚོས་དེའི་དཀའ་ངལ་སོགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ནམ་རྒྱུན་གསུངས་པ་བཞིན་རིགས་གཅིག་རྐང་འཛིན་ལ་ནུས་ཤུགས་བསྐྱེད་ན་ད་གཟོད་དཀའ་ངལ་དེ་དག་མི་ཡོང་བར་སྙམ་གསུངས་པ་བཞིན་རེད།”ཅེས་གསུངས་ཡོད་འདུག་པ་མ་ཟད། མཐོ་རིམ་སློབ་མ་ཞིག་གི་ངོས་ནས་བོད་མི་རིགས་ཀྱི་རྩ་དོན་དང་རང་ཉིད་ཀྱི་ཤེས་ཡོན་གྱི་གནས་བབས་ལ་གཞིགས་ནས་ཤུགས་གནོན་རྒྱག་དགོས་པ་མང་པོ་ཞིག་ཡོད་པ་དང་། གཞི་རིམ་དང་མཐོ་རིམ་སློབ་མའི་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་ཉམ་ཆགས་འགྲོ་ཡི་ཡོད་སྐོར་སོགས་གསུངས་ཡོད་འདུག
གཞན་ཡང་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་བདུན་བཞག་ཡོད་འདུག་པ་དང་། ཚོགས་ཆེན་སྐབས་༡༣ པ་དེ་ཕྱི་ལོ་༢༠༡༩ ལོར་འབྲས་སྤུངས་བློ་གསལ་གླིང་དུ་འཚོག་རྒྱུ་རེད་འདུག །
