བོད་སྐད་དག་མའི་འགྲན་སྡུར་གྱི་ཨང་ཐོབ་གསལ་བསྒྲགས་བྱས།
ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ ༧གོང་ས་༧སྐྱབས་མགོན་ཆེན་མཆོག་ལ་ནོ་སྦེལ་ཞི་བདེ་གཟེགས་རྟགས་འབུལ་བཞེངས་གནང་ནས་ལོ་༣༢ འཁོར་བའི་དགའ་སྟོན་གྱི་ཉིན་མོ་དུས་དྲན་སྲུང་བརྩི་དང་འབྲེལ། མཐོ་སློབ་གྱི་མདུན་ཐང་དུ་སློབ་མ་བཞི་བཅུ་ཙམ་མཉམ་འཛོམས་ཐོག་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་བོད་སྐད་དག་མའི་འགྲན་སྡུར་ཐེངས་གཉིས་པའི་ཨང་ཐོབ་སློབ་མའི་བརྒྱ་ཆ་དང་། ཁྱོད་བརྙན་བཟོ་མཁན་གྱི་མི་སྣ་ཁག་གཅིག་ལ་ལེགས་གསོལ་ཕྱག་འཁྱེར་འབུལ་རྒྱུའི་གསལ་བསྒྲགས་བྱས་འདུག
འདི་ལོར་སམ་བྷོ་ཊ་གཙོས་པའི་སློབ་གྲྭ་ཁག་༡༨ ནས་སློབ་མ་ཁྱོན་༩༦ ཙམ་འགྲན་སྡུར་ནང་འཛུལ་ཞུགས་བྱས་ཡོད་པ་དང་། སམ་བྷོ་ཊའི་ཁྱབ་ཁོངས་ནས་སློབ་མ་བཞི་དང་དཔེ་སྟོན་སློབ་གྲྭའི་སློབ་མ་གསུམ་བཅས་ལ་ཨང་རིམ་གྱི་བརྒྱ་ཆ་ཐོབ་ཡོད་པ་རེད། དེ་ཡང་ཨང་རིམ་དང་པོ་ཅན་དྷ་གྷི་རི་སམ་བྷོ་ཊ་འབྲིང་རིམ་སློབ་གྲྭའི་སློབ་མ་བདེ་ཆེན་དབང་མོ་ལ་བརྒྱ་ཆ་༨༥ ཐོབ་ནས་ཨང་དང་པོ་དང་། ཨང་གཉིས་པ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་མ་བསྟན་འཛིན་དབྱངས་སྒྲོན་ལ་༨༢ ཐོབ་ཡོད་པ་རེད་འདུག
ཁྱོད་བརྙན་བཟོ་མཁན་སུད་སུ་གནས་བཞུགས་རྒན་དཔལ་ལྡན་དཀོན་མཆོག་དང་བེ་རི་རྒྱལ་སྲས་སོགས་མི་བདུན་ལ་བོད་སྐད་གཙང་མ་བཤད་པར་ཤུགས་རྐྱེན་ཐེབས་པར་ངོས་འཛིན་གྱིས་ལེགས་གསོལ་ཕྱག་འཁྱེར་འབུལ་རྒྱུ་ཡིན་འདུག
སྐབས་དེར་ཚོགས་གཙོ་ཐུབ་བསྟན་རབ་བརྟན་གྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་གཙང་སེལ་དང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱེད་བཞིན་པའི་ཛ་དྲག་གི་གནས་བབས་དང་། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་པའི་སྤྱི་ཚོགས་ནང་གི་སྐད་ཡིག་གི་གནས་བབས་དང་ཉེན་ཁའི་རང་བཞིན་སྐོར་ངོ་སྤྲོད་དང་། ཧི་མ་ལ་ས་ཁུལ་གྱི་བོད་རིགས་སྤུན་ཟླ་རྣམ་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་སློབ་སྦྱོང་རྒྱ་ཆེན་སྤྲད་དགོས་པ་མ་ཟད། བོད་གཞུང་དང་ཚོགས་པ་སྐྱིད་སྡུག་ཁག་གིས་དེ་དག་ལ་མཐུན་སྦྱོར་སྔར་ལྷག་གནང་དགོས་པའི་འབོད་སྐུལ་བྱས་འདུག
ཕྱི་རྒྱལ་དུ་ཡོད་པའི་བོད་བརྒྱུད་ནང་པའི་ཆོས་ཚོགས་ཁག་གིས་སོ་སོའི་ཆོས་ཚོགས་ནང་དུ་བོད་སྐད་སློབ་ཁྲིད་དང་བོད་ཡིག་དེ་ཉིད་བོད་བརྒྱུད་ནང་པའི་སྤྱི་སྤྱོད་སྐད་ཡིག་དུ་བསྒྱུར་ཐབས་བྱ་དགོས་པའི་སྐོར་དང་། གནད་དོན་འདིའི་ཐོག་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་ངོས་ནས་ཆོས་ཚོགས་ཐེངས་བཅུ་བཞི་པའི་བསྟན་བདག་བླ་ཆེན་རྣམ་པར་སྙན་ཞུ་ཕུལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།