བྱང་ཀོ་རི་ཡས་ཨ་རིའི་དམག་མི་ཞིག་འཛིན་བཟུང་བྱས་འདུག

ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་ཨ་རིའི་དམག་མི་ཞིག་བྱང་ཀོ་རི་ཡས་འཛིན་བཟུང་བྱས་ཡོད་པ་དང་། དམག་མི་དེ་འཛིན་བཟུང་བྱས་ནས་ཆུ་ཚོད་གཉིས་ཀྱི་རྗེས་སུ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་གཉིས་ཉེ་འཁོར་གྱི་རྒྱ་མཚོའི་ནང་འཕངས་ཡོད་འདུག

ཕྱི་ཚེས་༡༩ ཉིན་སྦི་སྦི་སི་གསར་ཁང་གི་གནས་ཚུལ་ལྟར་ན། ཉེ་ཆར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག་དམག་མི་ཁག་གཅིག་ལྟ་སྐོར་དུ་འཁྲིད་དུས་ཨ་རིའི་དམག་མི་ཞིག་བྱང་ཀོ་རི་ཡའི་ས་མཚམས་ནང་འཛུལ་སྐབས། བྱང་ཀོ་རི་ཡའི་དམག་མིས་གློ་བུར་དུ་འཛིན་བཟུང་བྱས་ནས་ད་ཆར་དོ་དམ་འོག་ཡོད་འདུག ཨ་རིའི་གཞུང་གིས་ཨ་རིའི་མི་སེར་རྣམས་བྱང་ཀོ་རི་ཡ་ལ་མ་འགྲོ་ཞེས་ཡང་ཡང་དྲན་སྐུལ་བྱེད་ཀྱི་ཡོད་འདུག ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཡོད་པའི་ཨ་རིའི་དམག་གི་བཀོད་འདོམས་པ་ཇོན་ཨ་ཁུལ་ལེ་ནོས་(John Aquilino) བརྗོད་དོན། དམག་མི་དེ་ཡིས་རྐང་བཙུགས་ནས་ཆོག་མཆན་མེད་པའི་ཐོག་ཕྱིན་ཡོད་པ་དང་། ད་ཆར་ཨ་རིའི་ཀོ་རི་ཡ་ཁུལ་གྱི་དམག་སྡེ་ཡིས་ཞིབ་དཔྱད་བྱེད་བཞིན་ཡོད་པར་བརྗོད་འདུག ལྷོ་ཀོ་རི་ཡའི་དམག་མིས་བརྗོད་དོན་ལ་ཨ་རིའི་དམག་མི་དེ་འཛིན་བཟུང་བྱས་ནས་ཆུ་ཚོད་གཉིས་ཙམ་གྱི་རྗེས་སུ། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་གཉིས་ཉེ་འཁོར་གྱི་མཚོ་ནང་དུ་འཕངས་་ནས་དྲག་ཤུགས་ངོམ་ཡོད་པ་དང་། དྲག་ཤུགས་ངོམ་པ་དེ་ཨ་རིའི་དམག་མི་བྱང་ཀོ་རི་ཡའི་ས་ཐོག་ཏུ་སླེབས་པའི་རྐྱེན་གྱིས་ཡིན་མིན་ཁ་གསལ་གང་ཡང་མི་འདུག བྱང་ཀོ་རི་ཡ་ནས་ད་བར་གནས་ཚུལ་དིའི་སྐོར་གང་ཡང་བརྗོད་ཡོད་མི་འདུག་ཀྱང་། 

ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་བསྟི་གནས་(Pentagon ) ནས་བརྗོད་དོན་ལ། བྱང་ཀོ་རི་ཡའི་ས་ཐོག་ཏུ་ཨ་རིའི་དམག་མི་འགྲོ་མཁན་དེའི་མིང་ལ་ཊོ་ཝན་སི་ཀིན་(Travis King) ཟེར་གྱི་ཡོད་པ་དང་། ཁོང་ཕྱི་ལོ་༢༠༢༡ ནས་ཨ་རིའི་དམག་ནང་བཞུགས་འདུག་པ་དང་། ལྷོ་ཀོ་རི་ཡའི་ནང་ཡོད་དུས་ལས་ཀའི་དུས་ཚོད་སྐབས་དགོངས་པ་ཞུས་ནས། དེ་ག་ཙམ་འཁྱམ་འཁྱམ་དུ་འགྲོ་ཞོར་བྱང་ཀོ་རི་ཡའི་ས་ཐོག་ཏུ་འཛུལ་ཡོད་པར་བརྗོད་འདུག དམག་མི་དེའི་རོགས་པ་ཞིག་གིས་སྦི་སྦི་སིིའི་གསར་ཁང་དུ་བརྗོད་དོན་ལ། ཐོག་མར་ཁོང་ཚོ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་འཁྱམ་འཁྱམ་ཕྱིན་པ་ཡིན། སྐབས་དེ་དུས་ཁོང་གི་རོགས་པ་དམག་མི་དེས་ཁང་བརྩེགས་གཉིས་ཀྱི་བར་ཕར་རྒྱུགས་ཚུར་རྒྱུགས་བྱས་ནས་ཆོབ་འདྲ་བོ་འགའ་བསླངས་སོང་། ཐོག་མར་ཆོབ་ཡིན་པ་འདྲ་བསམས་སོང་། འོན་ཀྱང་། དུས་ཚོད་ཅུང་ཙམ་འདས་རྗེས་དམག་མི་རོགས་པ་དེ་ཚུར་ཡོང་རྒྱུ་མི་འདུག་པས། དེ་ནས་གནས་ཚུལ་བྱུང་བ་ཤེས་རྟོགས་བྱུང་ཞེས་བརྗོད་འདུག ལྷོ་ཀོ་རི་ཡའི་ནང་ཡོད་པའི་ཨ་རིའི་དམག་སྡེ་ཚན་པའི་བཀོད་འདོམས་པས་སྦི་སྦི་སིའི་གསར་ཁང་དུ་བརྗོད་དོན་ལ། ད་ཆར་ཁོང་ཚོས་བྱང་ཀོ་རི་ཡའི་དམག་མི་དང་ལྷན་དུ་གྲོས་མོལ་བྱེད་བཞིན་ཡོད་པར་བརྗོད་ཡོད་འདུག 

ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་ཕྱོགས་གཉིས་ཀའི་དམག་མི་འཇོག་མི་ཆོག་པའི་བར་གནས་ཀྱི་ས་ཁུལ་(The demilitarised Zone) དེ་ཧ་ཅང་གིས་དམ་དྲག་ཆེན་པོ་ཡོད་པ་མ་ཟད། ཕྱོགས་གཉིས་ཀའི་ལྕགས་སྐུད་ཀྱིས་མཐར་བསྐོར་ནས་པར་ཆས་ཀྱིས་ཆུ་ཚོད་༢༤ རིང་ལ་ལྟ་སྲུང་བྱེད་ཀྱི་ཡོད་འདུག ད་ལྟ་བར་གནས་ཀྱི་ས་མཚམས་སུ་དམ་དྲག་ཆེན་པོ་ཡོད་འདུག་ལ།  ཏོག་དབྱིབས་ནད་དུག་མ་ཡོང་བའི་སྔོན་དུ་བྱང་ཀོ་རི་ཡའི་མི་སེར་སྐྱོ་བོ་མང་པོ་ཞིག་ལྷོ་ཀོ་རི་ཡར་བྲོས་བྱོལ་ཡོང་དུས། ས་ཁུལ་དེ་བརྒྱུད་ནས་ཡོང་གི་ཡོད་ཀྱང་། ཏོག་དབྱིབས་ནད་དུག་ཡོང་བ་ནས་ས་ཁུལ་དེ་དག་གི་ནང་དུ་དམ་དྲག་ཆེ་དྲགས་པའི་རྐྱེན་གྱིས་ད་ཆར་འགྲོ་ཐུབ་ཡོད་མི་འདུག ལྷོ་བྱང་ཀོ་རི་ཡ་གཉིས་ཕྱི་ལོ་༡༩༥༠ ནང་དམག་འཁྲུག་ཤོར་བའི་རྗེས་སུ་ཕྱོགས་གཉིས་སུ་གྱེས་ཡོད་པ་རེད།

གསར་འགོད་པ་། བསོད་ནམས་ཕུན་ཚོགས།