བློ་གསལ་བྱིས་པའི་བརྡ་དག་ཅེས་པའི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་སྔ་དྲོ་དྷ་ཤོད་མེས་དབོན་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་དུ། དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་ཐུབ་བསྟན་ཆོས་འཕེལ་གྱིས་བརྩམས་པའི་བློ་གསལ་བྱིས་པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་སོང་།

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་དང་། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི། དཔེ་སྟོན་སློབ་གྲྭའི་སློབ་སྤྱི། དེ་བཞིན་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་འཛོམས་འདུག

བློ་གསལ་བྱིས་པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་ཞེས་པའི་དཔེ་དེབ་དེ་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའམ་བྱིས་པ་དག་ཡིག་གི་མིང་ཚིག་རེ་རེ་རྣམས་རྩོམ་པ་པོས་ཟུར་དུ་ཕྱུངས་ནས། དེ་དག་གི་གོ་དོན་པར་རིས་དང་བཅས་པའི་ཐོག ཚིག་དོན་དང་འཚམས་པའི་སྲོལ་རྒྱུན་གྱི་གཏམ་དཔེ་རེ་ཟུར་རྒྱན་དང་། མིང་ཚིག་རྣམས་ཀྱི་གོང་དུ་རྩ་ཚིག་ཀྱང་བསྟར་ཆགས་སུ་བཀོད་འདུག དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའམ་བྱིས་པ་དག་ཡིག་ཅེས་པ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་པར་སྐྲུན་བྱས་པའི་འཛིན་རིམ་ལྔ་པའི་སློབ་དེབ་ཏུའང་བཀོད་ཡོད་པ་རེད།

རྩོམ་པ་པོས་གསུང་པ་ལྟར་ན། དེབ་དེ་བརྩམས་དགོས་པའི་རྒྱུ་མཚན་ནི་དེ་སྔོན་ཁོང་གིས་བལ་ཡུལ་དུ་བོད་དགེའི་ལས་ཀ་བྱེད་སྐབས། འཛིན་གྲྭ་ལྔ་པའི་སློབ་ཕྲུག་རྣམས་ལ་ལེགས་བཤད་ལྗོན་དབང་དང་ས་པཎ་གྱིས་མཛད་པའི་དག་ཡིག་སློབ་སྐབས། བརྡ་དག་དང་ལེགས་ལྗོན་གྱི་འགྲེལ་བ་མང་པོ་རག་ཡོད་ཀྱང་། ཕྲུ་གུའི་བློ་ངོར་འཚམས་པའི་འགྲེལ་བཤད་ཅིག་མ་རྙེད་སྟབས། ལེགས་ལྗོན་གྱི་འགྲེལ་བ་ཞིག་དང་བརྡ་དག་གི་འགྲེལ་བ་ཞིག་ཁོང་གིས་བྲིས་ཡོད་པ་དང་། དེབ་དེ་པར་སྐྲུན་བྱེད་རྒྱུར་མི་མང་པོའི་རོགས་སྐྱོར་བྱས་པ་དང་། བླ་མ་གོང་དཀར་རིན་པོ་ཆེས་ཧིན་སྒོར་ཁྲི་༣ དང་། དྷ་སའི་ཚོང་པ་རྡོ་རྗེ་སྐྱིད་ཀྱིས་ཧིན་སྒོར་ཁྲི་༡ སྤྲད་ཡོད་འདུག

དེ་ཡང་ཐོག་མར་རྩོམ་པ་པོས་“སྤྱིར་བཏང་འཛམ་གླིང་སྤྱི་ཡོངས་ནང་བོད་མི་དེ་བྱམས་བརྩེ་དང་ལྡན་པ་ཞིག་དང་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་རེད་ཟེར་བ་འཛམ་གླིང་ལ་ཡོངས་གྲགས་ཆགས་ཡོད་རེད། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མ་ཡིན་པར་གཙོ་བོ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ལས་བྱུང་བ་ཞིག་ཆགས་ཡོད་རེད། དེ་ཉིད་མི་ཉམས་རྒྱུན་འཛིན་བྱེད་པར་བོད་ཀྱི་སྐད་ཡིག་ལ་རག་ལས་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་ཞུས་ན། ང་རང་ཚོའི་མི་རིགས་འདི་ཆགས་འཇིག་གི་གནས་སུ་ལྷུང་ཡོད་རེད། ཧ་ཅང་གི་ཉག་ཕྲ་བའི་གནས་སྐབས་ཤིག་ལ་ཆགས་ཡོད་རེད། དེ་འདྲ་ཡིན་དུས་རང་རེའི་མི་རིགས་དང་རིག་གཞུང་འདི་སྐྱོབ་ཆེད་དུ་ང་རང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་གནད་འགག་ཅིག་ཆགས་ཡོད་པ་དེ་མ་གྲོས་བསམ་པ་གཅིག་མཐུན་ཐོག་མཁས་པ་ཚང་མས་གསུང་གི་ཡོད་རེད། སྐད་ཡིག་སྲུང་སྐྱོབ་བྱེད་པར་ཐོག་མར་ང་ཚོར་རྟ་ཞིག་ཡོད་ན་རྟེའུ་ནས་ཡོང་། མི་ཞིག་ཡོང་ན་ཆུང་ངུ་ནས་ཡོང་ཟེར་བའི་དཔེ་ནང་བཞིན། འཛིན་གྲྭ་དང་པོ་ནས་འཛིན་གྲྭ་བརྒྱད་པ་བར་གྱི་སློབ་ཕྲུག་དེ་ཚོ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་མཁོ་སྤྲོད་བྱེད་རྒྱུ་དང་། ཁོ་རང་ཚོས་ཡག་པོ་བྱས་ཉར་ཚགས་བྱེད་རྒྱུའི་ཐབས་ཤེས་འཚོལ་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཀྱི་འདུག དེ་འདྲ་ཡིན་དུས་ང་རང་ཚོ་འཇིག་རྟེན་གྱི་དཔེ་ལ་མཁས་པས་ཉམས་མ་བཞག་པའི་སྐྱོན་ཟེར་བཤད་སྲོལ་ཡོད་པ་བཞིན་ཡིན་མིན་མི་ཤེས་ཏེ། ང་རང་གི་ལྟ་ཚུལ་ཡིན་ན་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་རྣམས་ཀྱི་བློ་ངོར་འཚམས་པའི་སྐད་ཡིག་གི་དེབ་དང་། སྒྲུང་གི་རིགས་དེ་དཀོན་པོ་འདྲ་ཞིག་མཐོང་སོང་། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱལ་ཕྱི་ནང་གི་བོད་ཀྱི་རྩོམ་པ་པོ་ཐམས་ཅད་ལ། འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་རྣམས་ཀྱི་བློ་ངོར་འཚམས་འི་དེབ་ཆུང་། གཅིག་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པ། གཉིས་ནས་སློབ་ཕྲུག་རྣམས་སྤྲོ་སྣང་སྐྱེ་ཐུབ་པ། གསུམ་ནས་རིག་གཞུང་གི་གསོན་ཤུགས་ལྡན་པའི་དེབ་གང་མང་མང་ཞིག་པར་སྐྲུན་བྱེད་རོགས་གྱིས་”ཅེས་སོགས་གསུངས་སོང་།

དེ་བཞིན་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་གྱིས་ལྟ་གྲུབ་སློབ་དཔོན་ཐུབ་བསྟན་ཆོས་འཕེལ་གྱིས་བརྩམས་པའི་དཔེ་དེབ་ནང་། ཕྲུ་གུ་རྣམས་པར་དང་རི་མོ་ལ་དགའ་པོ་ཡོད་པ་བཞིན། མིང་ཚིག་དང་པར་རིས་ཤན་སྦྱར་ཐོག གོ་དོན་དང་། གཏམ་དཔེ་རྣམས་ཡོད་སྟབས་དེས་ཕྲུ་གུར་ཕན་ཐོགས་ཆེན་པོ་ཡོད་པ་མཐོང་གི་ཡོད་སྐོར་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་འགན་འཛིན་ཚེ་རིང་བསམ་འགྲུབ་ཀྱིས་ས་པན་གྱིས་མཛད་པའི་བྱིས་པ་དག་ཡིག་ནི་ཉུང་ཉུང་དང་། ཕྲུ་གུའི་བློ་ལ་འཇུག་བདེ་པོ། དག་ཡིག་ཚང་མའི་ཁྲོད་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་དང་། དེ་བཞིན་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་སློབ་དཔོན་ཐུབ་བསྟན་ཆོས་འཕེལ་ནི། ཁོང་ཉིད་ཀྱིས་ཕྱག་ལས་གནང་བའི་བརྒྱུད་རིམ་གྱི་ཁྲོད་དུ་ག་དུས་ཡིན་ན་ཡང་། གསར་གཏོད་བྱེད་རྒྱུ་དང་། ཐམས་ལམ་གསར་པ་འཚོལ་རྒྱུར་དོ་དབྱིངས་བྱེད་མཁན་ཞིག་ཏུ་མཐོང་གི་ཡོད་པ་དང་།ད་ཐེངས་ཁོང་གིས་བརྩམས་པའི་དཔེ་དེབ་ནང་། ཚིག་དང་འདྲ་པར། འགྲེལ་བཤད་གཏམ་དཔེ་རྣམས་ཡོད་སྟབས། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ཕྲུ་གུ་ལ་སྐད་ཆ་བཤད་ན་བརྒྱ་ཆ་༡༠ ངེས་ན། མིག་སྟོན་བྱས་ན་བརྒྱ་ཆ་༣༠-༤༠ ངེས་པ་དང་། ཕྲུ་གུ་རང་ལ་སློབ་གཞི་རང་སྦྱོང་བརྡར་བྱེད་བཅུག་ན་བརྒྱ་ཆ་༧༥ ངེས་པའི་བཤད་སྲོལ་ཡོད་པ་ལྟར། ད་ཐེངས་ཀྱི་དཔེ་དེབ་ནང་གི་པར་རིས་ཀྱི་ངོ་གདོང་ནས་ཕྲུ་གུ་ཚོས་ཚིག་དོན་ལས་སླ་པོའི་ངང་ནས་རྟོགས་ཏེ་ཡིད་ལ་འཇགས་ཐུབ་ཁར། བེད་སྤྱོད་བྱེད་རྒྱུར་སྟབས་བདེ་པོ་ཡོད་སྐོར་དང་། དེ་བཞིན་རྩོམ་པ་པོ་རྣམས་ཀྱིས་བྱིས་པ་རང་ལ་དམིགས་ནས་དཔེ་དེབ་རྩོམ་རྒྱུར་སྐུལ་འདེགས་དང་། གཞན་ཡང་བྱིས་པའི་རྩོམ་རིག་ཐོག་རང་རིགས་ལ་སྟོང་ཆ་ཆེན་པོ་ཡོད་པ་ལྟར་དེ་འབྲེལ་གྱི་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་རྣམས་ཀྱི་སྐོར་ལ་ཡང་གསུངས་སོང་ལ། ཡང་ཁོང་གིས་དཔེ་དེབ་དེ་བརྒྱུད་ནས་ཤེས་རིག་ལས་ཁུངས་དང་། སློབ་གྲྭ་ཁག ལྷག་པར་དུ་ཕྲུ་གུའི་ཕ་མ་ཚོས་དཔེ་དེབ་དེ་འདྲ་ཞིག་འཚོལ་དུས་མི་རྙེད་ནས་དཀའ་ངལ་འཕྲད་ཀྱི་ཡོད་སྟབས་དེར་ཕན་ཐོགས་རྒྱ་ཆེན་པོ་ཡོང་ངེས་ཡིན་སྟབས་བསྔགས་བརྗོད་དང་ཡི་རངས་ཡོད་སྐོར་དང་སློབ་ཕྲུག་ཚོས་བེད་སྤྱོད་ཡག་པོ་བྱེད་གལ་ཆེ་སྐོར། དཔེ་སྟོན་གྱི་རྒན་ལགས་རྣམས་ལ་ཤེས་ཡོན་སྲིད་ཇུས་ཐོག་མུ་མཐུད་མ་འོངས་པར་ཤུགས་སྣོན་བྱ་རྒྱུའི་རེ་སྐུལ་དང་། དཔེ་སྟོན་སློབ་གྲྭའི་སློབ་མ་རྣམས་བོད་ཡིག་ལ་དོ་དབྱིངས་ཆེན་པོ་ཡོད་པ་དང་། བཀའ་མོལ་གནང་སྟངས་ཡག་པོ་ཡོད་སྐོར་སོགས་གསུངས་སོང་།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།