མི་མང་འབུམ་ཕྲག་མང་པོས་ཝེ་ནེ་ཛུ་ལའི་སྲིད་འཛིན་ལ་ངོ་རྒོལ་བྱས་འདུག
ཟས་དང་དངུལ། སྨན་སོགས་མེད་ནས་མི་སེར་མང་པོ་ཤི་བཞིན་འདུག་པས་ཝེ་ནེ་ཛུ་ལར་རོགས་སྐྱོར་བྱ་རོགས་ཞེས་དང་། དེ་བཞིན་སྲིད་འཛིན་ནྰི་ཁོ་ལ་སི་ མ་དྷུ་རོ་(Nicolas Maduro) ལ་སོ་སོའི་སྲིད་དབང་གི་དུས་ཡུན་རྫོགས་ཟིན་པ་ཧ་གོ་བ་བྱོས་ཞེས་ངོ་རྒོལ་བས་བརྗོད་ཡོད་འདུག
གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་ལྷོ་ཨ་མེ་རི་ཁ་གླིང་ཆེན་དུ་ཡོད་པའི་ཝེ་ནེ་ཛུ་ལ་(Venezuela)རྒྱལ་ཁབ་ཀྱི་རྒྱལ་ས་ཁ་ར་ཁ་སི་(Caracas)ཡི་ཤར་ཕྱོགས་ཀྱི་ས་གནས་ཁག་གསུམ་ལ། མི་མང་འབུམ་ཚོ་མང་པོ་འདུ་འཛོམས་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་འཛིན་མ་དྷུ་རོ་ལ་དཔལ་འབྱོར་ཉམས་གུད་ཚབས་ཆེན་སོང་བ་དང་། སྲིད་འཛིན་གྱི་དུས་ཡུན་དང་འབྲེལ་བའི་མང་མོས་འོས་བསྡུ་ཕྱིར་འཐེན་བྱས་པ་བཅས་ཀྱི་སྐྱོན་འཛུགས་འོག གོམ་བགྲོད་ཀྱིས་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་འདུག
ངོ་རྒོལ་བ་རྣམས་ཀྱིས་བརྗོད་རྒྱུར། ད་ལྟའི་གཞུང་འཛིན་ཆབ་སྲིད་ཚོགས་པས་མི་ལོ་༡༧ གྱི་རིང་ལ་གང་ཡང་འགྲུབ་མ་སོང་ཞེས་དང་། དེ་བཞིན་དེ་རིང་ང་ཚོས་ངོ་རྒོལ་བྱས་ནས་བཀྲེས་སྐོམ་དང་། ནག་ཉེས། རུལ་སུང་བཅས་མེད་པ་བཟོ་དགོས་ཞེས་བརྗོད་ཡོད་འདུག
ངོ་རྒོལ་དེའི་སྣེ་ཁྲིད་མཁན་ནི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཁག་ཡིན་འདུག་ལ། དེའི་དམིགས་ཡུལ་ནི་སྤྱི་ལོ་༢༠༡༣ ལོར་སྲིད་འཛིན་འོས་འདེམས་སྐབས་སུ་མ་དྷུ་རོ་ལ་སྲིད་འཛིན་གྱི་འོས་ཐོབ་ཡོད་ཀྱང་། འོས་ཤོག་རྩིས་མེད་བཏང་བ་དང་། ཁོང་ལ་འོས་ཐོབ་པ་གཉིས་མང་ཉུང་གཅིག་པ་ལྟ་བུ་བྱུང་བའི་གནས་ཚུལ་བྱུང་ཡོད་རྐྱེན་དྲང་པོ་མ་བྱུང་བའི་སྐྱོན་འཛུགས་ཀྱིས། སླར་ཡང་མང་མོས་འོས་བསྡུ་བྱེད་རྒྱུ་དེ་ཡིན་འདུག ༢༠༡༣ལོའི་ཟླ་ ༤ པའི་ཚེས་༡༩ ཉིན་ནས་མ་དྷུ་རོས་སྲིད་འཛིན་གྱི་ལས་འགན་འཁུར་ཡོད་པ་དང་། ༢༠༡༤ ནས་བཟུང་དཔལ་འབྱོར་ཉམས་གུད་དང་། འཚོ་བ་སྐྱོ་རུ་ཕྱིན་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་བསྟུད་མར་ཞི་རྒོལ་བྱས་ཡོད་ཀྱང་། ད་ཐེངས་ཀྱི་ཞི་རྒོལ་དེ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་འདུག།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
