མི་མང་སྟོང་ཚོ་མང་པོས་པ་ཀི་སི་ཐན་གཞུང་གིས་ཕྱི་མི་ཕྱིར་འཕུད་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད་འདུག

ཉེ་ཆར་པ་ཀི་སི་ཐན་གཞུང་གིས་ཕྱི་མི་ཁྲིམས་མཐུན་ཡིག་ཆ་མེད་མཁན་རྣམས་ཕྱིར་འཕུད་གཏོང་གི་ཡོད་པར་བརྟེན། པ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་གྱི་ས་མཚམས་སུ་ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་མི་མང་ས་ཡ་༢ ལྷག་ཕྱིར་འཕུད་བཏང་བར་ངོ་རྒོལ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༧ ཉིན་རྒྱ་གར་གྱི་wionགསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ཟླ་བའི་ཉིན་པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན་གྱི་ས་མཚམས་(Balochistan)ས་ཆར་ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་སྟོང་ཚོ་མང་པོས། པ་ཀི་སི་ཐན་གྱི་གཞུང་གིས་ཕྱི་མི་ཁྲིམས་མཐུན་ཡིག་ཆ་མེད་མཁན་རྣམས་ཕྱིར་འཕུད་བཏང་བར་ངོ་རྒོལ་བྱེད་བཞིན་ཡོད་འདུག ཕྱི་ལོ་༡༩༧༩ ལོར་ཨུ་རུ་སུ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཨབ་གྷ་ནི་སི་ཐན་ལ་བཙན་འཛུལ་བྱས་པར་བརྟེན། སྐབས་དེ་དུས་ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་ས་ཡ་༢་༩ ཙམ་པ་ཀི་སི་ཐན་ནང་ཡོང་ཡོད་འདུག་པ་དང་། ཁོང་ཚོ་ད་ལྟ་ཡང་པ་ཀི་སི་ཐན་ནང་གནས་སྡོད་བྱེད་བཞིན་ཡོད་འདུག ཉེ་ཆར་པ་ཀི་སི་ཐན་གྱི་གཞུང་གིས་ཕྱི་མི་ཁྲིམས་མཐུན་ཡིག་ཆ་མེད་མཁན་རྣམས་ཕྱིར་རང་ཡུལ་དུ་ལོག་དགོས་པ་ལས། པ་ཀི་སི་ཐན་ནང་སྡོད་མི་ཆོག་པའི་བཀའ་ཁྱབ་བཏང་བར་བརྟེན། ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་སྟོང་ཚོ་མང་པོ་ཕྱིར་ཨབ་གྷ་ནི་སི་ཐན་ལ་ལོག་དགོས་འབྱུང་བཞིན་ཡོད་པས།
ཐེངས་འདིའི་པ་ཀི་སི་ཐན་གྱི་ཁྲིམས་ཡིག་དེས་ཨབ་གྷ་ནི་སི་ཐན་གྱི་ལྷོ་རྒྱུད་ཀྱི་མི་མང་མང་པོ་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་འདུག རྒྱུ་མཚན་ནི་ཨབ་གྷ་ནི་སི་ཐན་གྱི་ལྷོ་རྒྱུད་ཀྱི་མི་མང་མང་པོས་པ་ཀི་སི་ཐན་ནང་ཚོང་འབྲེལ་དང་གཉེན་འཕྲད་སོགས་ཀྱི་ཆེད་དུས་རྒྱུན་ནས་ཡོང་གི་ཡོད་འདུག་པ་བརྟེན། ཁོང་ཚོ་མ་འོངས་པར་ཡོང་རྒྱུ་ཁག་པོ་ཆགས་བཞིན་ཡོད་འདུག དུས་རྒྱུན་ཁོང་ཚོ་པ་ཀི་སི་ཐན་ནང་ཡོང་དུས་ས་གནས་ཀྱི་ལམ་ཡིག་(tazkira)ཟེར་བ་དེ་ཁྱེར་ནས་ཡོང་གི་ཡོད་འདུག འོན་ཀྱང་། ཉེ་ཆར་པ་ཀི་སི་ཐན་གྱི་གཞུང་གིས་ཁྲིམས་ཡིག་ཞིག་གཏན་འབེབས་བྱས་ཡོད་པའི་རྐྱེན་གྱིས་ད་ཆར་ཕྱི་མི་ཁྲིམས་མཐུན་ཡིག་ཆ་མེད་མཁན་རྣམས་ཕྱིར་འཕུད་གཏོང་བཞིན་ཡོད་འདུག ད་ལྟ་པ་ཀི་སི་ཐན་ནང་ཨབ་གྷ་ནི་སི་ཐན་གྱི་མི་མང་ས་ཡ་༡་༣ (Proof of Registration (PoR)ཟེར་བའི་གནས་སྡོད་ཆོག་པའི་ཡིག་ཆ་ཞིག་གི་ཐོག་བསྡད་ཡོད་འདུག་པ་དང་། མི་མང་༨༠༠༠༠༠ ཨབ་གྷ་ནི་སི་ཐན་གྱི་མི་སེར་ལག་འཁྱེར་ཡོད་མཁན་ཡིན་འདུག
མི་མང་༧༠༠༠༠༠ ཡིག་ཆ་གང་ཡང་མེད་པར་ཁྲིམས་འགལ་ཐོག་སྡོད་བཞིན་ཡོད་འདུག ཐེངས་འདིར་པ་ཀི་སི་ཐན་གྱིས་ཨབ་གྷ་ནི་སི་ཐན་གྱི་མི་མང་མང་པོ་ཕྱིར་འཕུད་གཏོང་དགོས་དོན་ནི། ཨབ་གྷ་ནི་སི་ཐན་གྱི་མི་སེར་ཡིན་པའི་དྲག་སྤྱོད་པས་པ་ཀི་སི་ཐན་ནང་གཏོར་རྒོལ་མང་པོ་གཏོང་མྱོང་ཡོད་པའི་རྐྱེན་གྱིས། པ་ཀི་སི་ཐན་གྱི་བདེ་སྲུང་ལ་གནོད་འཚེ་ཡོང་གི་ཡོད་པ་དང་། ད་ལྟ་པ་ཀི་སི་ཐན་གྱི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར། ཨབ་གྷ་ནི་སི་ཐན་གྱི་མི་མང་པོ་ཡོང་ནས་པ་ཀི་སི་ཐན་གྱི་མི་མང་གི་ལས་ཀའི་གོ་སྐབས་ཤོར་འགྲོ་བཞིན་ཡོད་པའི་རྐྱེན་གྱི་པ་ཀི་སི་ཐན་གཞུང་གིས་ཕྱིར་འཕུར་གཏོང་གི་ཡོད་འདུག
གནད་དོན་དེ་དང་འབྲེལ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགུན་དུས་སླེབས་ལ་ཉེ་བར་བརྟེན། བྱིས་པ་དང་ཁྱིམ་མི་སྐྱོ་བོ་རྣམས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པས་ངེས་པར་དུ་ཁོང་ཚོའི་བདེ་སྡུག་ལ་བསམ་གཞིགས་བྱེད་དགོས་པར་བརྗོད་ཡོད་འདུག་ལ། ཨབ་གྷ་ནི་སི་ཐན་གྱི་ཏ་ལི་བྷན་གཞུང་གིས་པ་ཀི་སི་ཐན་ནས་ཡོང་མཁན་མི་མང་རྣམས་ལ་འཕྲལ་སེལ་གྱི་སྨན་དང་ཟས་རིགས་སྤྲོད་རྒྱུ་ཡིན་པ་ལས་གཏན་འཇགས་ཀྱི་སྡོད་གནས་སྤྲོད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
