མི་ཚེ་ཡག་པོ་ཞིག་སྐྱེལ་ཆེད་ལས་ཁོང་ཚོའི་རིག་གཞུང་དང་ཆོས་ལུགས་ལ་ཐེ་ཇུས་བྱེད་ཀྱི་མེད།
“ཕྲུ་གུ་ཚང་མར་མ་འོངས་མི་ཚེ་ཡག་པོ་ཞིག་སྐྱེལ་ཐུབ་པའི་ནུས་པ་ཡོད་”ཅེས་གཏོང་ལེན་དགེ་རྩ་ཚོགས་པའི་འགན་འཛིན་བློ་བཟང་འཇམ་དབྱངས་ཀྱིས་གསུངས་སོང།
ཟླ་འདིའི་ཚེས་༡༧ ཉིན་དྷ་ཤོད་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་གསོལ་མགྲོན་ཁང་དུ། གཏོང་ལེན་དགེ་རྩ་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཁོང་ཚོའི་སློབ་ཕྲུག་རྒན་པ་བཞི་དང་འགན་འཛིན་བཅས་ཚང་འཛོམས་ཐོག གཏོང་ལེན་དགེ་རྩ་ཚོགས་པས་ཚོགས་པའི་ལོ་༡༡ རིང་གི་གྲུབ་འབྲས་དང་། སློབ་མའི་སྡོད་ཁང་གསར་པ་ཞིག་སྒོ་འབྱེད་བྱེད་འཆར་ཡོད་སྐོར་གསུངས་སོང་།
གཏོང་ལེན་དགེ་རྩ་ཚོགས་པའི་འགན་འཛིན་བློ་བཟང་འཇམ་དབྱངས་ཀྱིས་ཚོགས་པ་དེའི་ལོ་རྒྱུས་དང་འདས་པའི་གྲུབ་འབྲས་སོགས་ཀྱི་སྐོར་ལ་གསུང་དོན། ཚོགས་པ་དེ་ཉིད་ཐོག་མར་ཕྱི་ལོ་༢༠༠༤ ལོར་འགོ་འཛུགས་བྱས་པ་དང། དེ་ཡང་ཁོང་གིས་དྷ་སའི་ཉེ་འཁོར་ཅཱ་རན་གྱི་ཁུལ་དུ་རྒྱ་གར་དབུལ་གྲོངས་ནང། མི་མང་གི་གནས་སྟངས་སྐྱོ་པོ་ཡིན་ཁར། ཕྲུ་གུ་ཚོར་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཆ་རྐྱེན་མེད་པར། ཉིན་ལྟར་སློང་མོ་བྱེད་པར་འགྲོ་བའམ་གད་སྙིགས་སྒྲུག་པར་འགྲོ་བའི་གནས་སྟངས་ཡ་ང་བོ་མཐོང་སྟེ། ཕྲུ་གུ་དེ་དག་ལ་ཤེས་ཡོན་གྱི་གོ་སྐབས་དང་མ་འོངས་པར་མདུན་ལམ་ཡག་པོ་ཞིག་ཐོབ་ཆེད་ཚོགས་པ་དེ་ཉིད་འགོ་འཛུགས་བྱས་སྐོར། དེ་བཞིན་ད་ལྟའི་ཆར་ཚོགས་པ་དེ་ཉིད་ཀྱི་ཕྲུ་གུ་ཚོའི་ཆེད་དུ་སྡོད་ཁང་བཟོས་ཡོད་པ་དེར་ཕྲུ་གུ་༡༠༠ ཙམ་སྡོད་ཀྱི་ཡོད་པ། ཁོང་ཚོ་སློབ་གྲྭ་ཚར་རྗེསབྱེད་སྒོ་འདྲ་མིན་ལ་ཞུགས་ཏེ། ཕྱོགས་ཡོངས་ཀྱི་འཚར་ལོངས་ལ་ཕན་ཐབས་བྱེད་ཀྱི་ཡོད་པ། དེ་བཞིན་ཕྲུ་གུ་ཚོར་འཕྲོད་བསྟེན་དང་ནུས་ཤུགས་གོང་འཕེལ་གྱི་ལས་འཆར་ཡོད་པ། ཅཱ་རའི་དབུལ་གྲོངས་དུ་ཡང་གུར་གྱི་སློབ་གྲྭ་བཙུགས་ཏེ། ཕྲུ་གུ་༡༥༠ ཙམ་ལ་སློབ་གྲྭའི་དུས་ཚོད་རྗེས་ཟུར་ཁྲིད་བྱེད་ཀྱི་ཡོད་སྐོར་དང། འདས་པའི་རིང་ཚོགས་པ་དེ་ཉིད་ཀྱི་ལྟ་སྐྱོང་འོག་ཕྲུ་གུ་ཁ་ཤས་ཧི་མ་ཅལ་མངའ་སྡེའི་རྒྱལ་ཡོངས་ཡིག་ཚད་ལ་ཨང་དང་པོར་སོན་ཏེ། རྒྱ་གར་གྱི་མཐོ་སློབ་ཡག་པོའི་ནང་སློབ་སྦྱོང་བྱེད་མུས་ཡིན་པ། མཐོ་སློབ་ཏུ་སྐྱོད་མ་ཐུབ་པའི་ཕྲུ་གུ་ཚོར་ལག་ཤེས་ཀྱི་སློབ་གྲྭར་བཏང་སྟེ། རང་མགོ་ཐོན་ཐབས་བྱེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་སོང་བ་དང། ཁོང་གིས་ “ང་ཚོའི་ཕྲུ་གུ་ཚོ་ད་ལྟའི་ཆར་གདེངས་ཚོད་ངང་རང་ཉིད་ཀྱི་བསམ་ཚུལ་བཤད་ཐུབ་པ་དང། ཤེས་ཡོན་བརྒྱུད་མ་འོངས་པའི་མི་ཚེ་ཡག་པོ་སྐྱེལ་བའི་འདུན་པ་ཡོད་པར། ང་ཚོ་སྤོབས་པ་ཤིན་ཏུ་ཆེན་པོ་ཡོད།” “ཕྲུ་གུ་ཚང་མར་མ་འོངས་མི་ཚེ་ཡག་པོ་ཞིག་སྐྱེལ་ཐུབ་པའི་ནུས་པ་ཡོད་”ཅེས་གསུངས་སོང།
དེའི་རྗེས་གཏོང་ལེན་དགེ་རྩ་ཚོགས་པའི་ལྟ་སྐྱོང་འོག་ལ་ཡོད་པའི་སློབ་ཕྲུག་རྒན་པ་བཞིས། རང་རང་སོ་སོ་གཏོང་ལེན་ཚོགས་པའི་ལྟ་སྐྱོང་འོག་ལ་མེད་སྐབས་ཀྱི་ལོ་རྒྱུས་དང། རྗེས་སུ་ཚོགས་པ་དེའི་ལྟ་སྐྱོང་འོག་ལ་སླེབས་ནས་མི་ཚེར་འགྱུར་བ་ཕྱིན་ཚུལ་དང། མ་འོངས་པར་འཆར་གཞི་གང་ཡོད་མེད་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་སོང།
གསར་འགོད་པ་ཞིག་གིས་འགན་འཛིན་འཇམ་དབྱངས་ལ། གཏོང་ལེན་ཚོགས་པ་ནས་ཕྲུ་གུ་ནང་པའི་དགོན་པར་འཛུལ་མཁན་བྱུང་ཡོད་མེད་སྐོར་དྲིས་པར། ཁོང་གིས་ཚོགས་པ་དེར་ཆོས་ལུགས་རིས་མེད་ཀྱི་ཁོར་ཡུག་ལྡན་པ་དང། ཕྲུ་གུ་ཚོར་ནང་ཆོས་དང་བོད་པའི་སྐོར་ལ་བཤད་ཀྱི་མེད་པ། དེ་བཞིན་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ཁོང་ཚོར་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཆ་རྐྱེན་བསྐྲུན་ཏེ། མི་ཚེ་ཡག་པོ་ཞིག་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ། ཁོང་ཚོའི་རིག་གཞུང་དང་ཆོས་ལུགས་སོགས་རང་དགར་བཞག་པ་ལས། ཐེ་ཇུས་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་བྱས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
