བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༠ ཕྱི་ལོ་ ༢༠༢༠/༠༤/༢༩
ཏོག་དབྱིབས་ནད་དུག་ཁྱབ་བརྡལ་སོང་བ་དང་འབྲེལ་བོད་པའི་དགོན་སྡེ་ཁག་དང་། ས་གནས་མང་པོ་ཞིག་ནས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་ས་གནས་རྒྱ་གར་གཞུང་ལ་ཞལ་འདེབས་ཆེ་ཆུང་སྣ་ཚོགས་ཤིག་འབུལ་བཞིན་ཡོད་པ་དང་། དེ་ནི་ཕྱོགས་གཅིག་ནས་རྒྱ་གར་གཞུང་དང་མི་མང་ནི་བོད་མི་སྐྱབས་བཅོལ་བ་རྣམས་ལ་བཀའ་དྲིན་ཆེ་ཤོས་ཡིན་པས། གནས་ཡུལ་གཞུང་ལ་དཀའ་ངལ་ཆེན་པོ་འཕྲད་སྐབས་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་དཔེ་བཞིན་ཞལ་འདེབས་འབུལ་ཐུབ་པ་ནི། བོད་པའི་ཡ་རབས་བཟང་སྤྱོད་ཀྱི་དྲིན་གཟོའི་བསམ་བློ་དང་འབྲེལ་བའི་ཐོག་ནས་བཤད་ན་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་མི་མིང་ཡོད་མཁན་དང་མེད་མཁན་རེ་ཟུང་གིས་བོད་མི་དཀའ་ངལ་ཡོད་མཁན་དག་ལ་རོགས་རམ་མི་བྱེད་པར། རྒྱ་གར་གཞུང་མང་ལ་རོགས་རམ་བྱེད་པ་ནི། འོས་འཚམ་མེད་པ་ཞིག་ཡིན་ཚུལ་བརྗོད་མཁན་བྱུང་ཡོད་ཀྱང་། དེ་དག་གིས་བོད་མི་དཀའ་ངལ་ཅན་རྣམས་ལ་རང་ཉིད་ཀྱིས་ནུས་ཚོད་ལ་བརྟེན་ནས་རོགས་རམ་གང་ཡང་བྱས་མེད་པ་ནི་སྨྲོས་མི་དགོས་པ་རེད།
མི་དེ་དག་ནི་གཙོ་བོ་རང་གིས་མི་འཇོན། རོགས་ལ་མི་མགུ་མཁན། མི་གཞན་ལ་ཁ་གཏོང་རྒྱུ་འབའ་ཞིག་ལས་འཇོན་ནུས་མེད་མཁན་དང་། དེའི་ནང་ཆེད་དུ་ཁེ་ཕན་ཡོད་པའི་ཐོག་ནས་ཕ་རོལ་པོའི་འདོད་དོན་སྒྲུབ་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་ནི། ལོ་རེ་ནས་ལོ་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་འདུག དེར་བརྟེན་དགོན་སྡེ་དང་། བླ་བྲང་ཁག ཚོགས་པ་ཁག གཞིས་ཆགས་ཁག་དང་། མི་སྒེར་བཅས་ཀྱིས་གཞན་ལ་རོགས་རམ་མང་པོ་བྱེད་པ་ནི། ཆོས་འཇིག་རྟེན་གང་ཐད་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཀྱི་གནས་སུ་གྱུར་ཡོད། བོད་མི་དཀའ་ངལ་ཅན་རྣམས་ལ་རོགས་རམ་བྱེད་དགོས་པ་ཁ་ཚ་དགོས་གཏུག་ཡིན་ནའང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དང་། དགོན་སྡེ་ཁག་སོགས་གཞུང་སྒེར་མང་པོས་རོགས་རམ་གནང་བཞིན་པའང་དོན་དངོས་རེད། འོན་ཀྱང་དེ་ལ་བརྟེན་ནས་ཁྱིམ་ཚང་རེ་རེ་བཞིན་དཀའ་ངལ་ཡོད་ཚད་དུས་གཅིག་སེལ་ཐུབ་པའི་ནུས་པ་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ལ་མེད་པ་ནི། ཚང་མས་བསམ་ཤེས་མི་ཐུབ་པ་ཞིག་ཀྱང་མ་རེད་སྙམ།
འོན་ཀྱང་མིས་ལས་དོན་ཡག་སྡུག་ག་རེ་བྱས་ཀྱང་ལོག་འགྲེལ་བྱེད་རྒྱུ་ཁོ་ན་ལས། ལས་ཀ་གཞན་མེད་པ་ཁག་ཅིག་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཡོད་ལ། སྤྱི་ཚོགས་དྲ་ལམ་ཁག་ནི་དེ་དག་གི་གཡུལ་ས་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་དཀྲོག་གཏམ་སྤེལ་མཁན་དེ་དག་གིས་སྐད་ཆ་ག་རེ་བཤད་ཀྱང་ཡ་མེད་གཏོང་དགོས་པ་དང་། དེ་དག་ལ་ལན་འདེབས་དང་གསལ་བཤད་ག་ཚོད་བྱས་ཀྱང་། དེའི་ཚོད་ཀྱིས་གཞི་མེད་ཀྱི་གནས་ཚུལ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་བཅས་ལ་མིང་ཆད་ག་འདྲ་ཞིག་བཟོ་དགོས་མིན་ཐད་དོ་སྣང་དང་གྲ་སྒྲིག་ཕྱོགས་གང་ས་ནས་བྱེད་བཞིན་ཡོད་པས། གནས་ཚུལ་གསལ་དུ་འགྲོ་རྒྱུའི་རེ་བ་གང་ཡང་མེད་པར། དེ་ལས་ཡ་མེད་དུ་གཏོང་རྐྱང་བྱས་ན་དཀྲོག་གཏམ་སྤེལ་མཁན་རྣམས་ཀྱིས་ནུས་པ་གང་ཡང་མ་ཐོན་པར་འུ་ཐུག་ངེས་དང་། དེ་ལ་བརྟེན་ནས་རྩོད་རྙོག་སློང་མ་ཐུབ་ན་སྦྱིན་བདག་གི་ས་ནས་གླ་རྔན་ཡང་ཡུན་རིང་མི་རག་ངེས་ཅན་རེད།
སྤྱིར་དགོན་སྡེ་ཁག་ནི་རང་ཁ་རང་གསོ་བྱེད་མཁན་དང་། བོད་མིའི་སྒྲིག་འཛུགས་ལ་ཚུར་རོགས་རམ་གནང་བ་ལས་ཕར་རོགས་སྐྱོར་ཆེན་པོ་མི་དགོས་པའི་སྒྲིག་འཛུགས་གཅིག་པུ་དེ་ཡིན་ཞིང་། ལས་དང་བསོད་ནམས་ཞིག་ལ་བརྟེན་ནས་བཙན་བྱོལ་བོད་པའི་དགོན་སྡེ་ཁག་ནི་ཆོས་དང་རིག་གནས་རྒྱུད་འཛིན་དང་། དཔལ་འབྱོར་མཐུན་རྐྱེན་གྱི་ཐོག་ནས་ཀྱང་ཕུན་སུམ་ཚོགས་པོར་གྱུར་ཡོད་པ་ནི། བོད་པའི་གཏམ་དཔེར་ཆོས་པ་རི་ལ་བསྡད་ཀྱང་ཟན་གོང་གྱེན་དུ་འགྲིལ་ཞེས་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད། དོན་མེད་དཀྲོག་གཏམ་བཤད་རྒྱུ་ལས་རང་ངོས་ནས་དགོན་སྡེ་ཁག་ལ་ཞབས་འདེགས་སྤུ་རྩེ་ཙམ་ཞུ་ཐུབ་མེད་མཁན་དག་གིས། དགོན་སྡེ་ཁག་གི་ལས་དོན་བྱེད་ཕྱོགས་སོགས་ལ་དངོས་གནས་བཤད་ན་ཇུས་གཏོགས་བྱེད་པའི་ཁུར་བབས་མེད་པ་དེ་ཡང་ངོས་ཟིན་དགོས་པ་ཞིག་རེད། འོན་ཀྱང་དྲ་འབུ་དག་གིས་བཤད་པ་ལ་དོ་སྣང་ལན་འདེབས་བྱས་ནས་ཁ་འགོག་ཐབས་ཤིག་ང་ཚོར་མེད་ཀྱང་། དེ་དག་ལ་ཡ་མེད་གཏོང་བ་ནི་ཁོང་ཚོའི་ཁ་འགོག་པའི་ཐབས་ལམ་ཡག་ཤོས་དེ་རེད།
མདོར་ན་བོད་པ་བཙན་བྱོལ་བ་ཞིག་ཡིན་ནའང་མི་ཚང་རེ་རེ་བཞིན་བལྟས་ཡོང་དུས། གནས་ཡུལ་རྒྱ་གར་གྱི་ཡུལ་མིའི་ནང་བོད་པ་ལས་ཀྱང་སྐྱོ་བ་ཟས་གོས་གནས་མལ་གང་ཐད་ནས་འཚོ་རྟེན་མེད་པའི་དབུལ་ཕོངས་མང་པོ་ཡོད་པས། ནད་ཡམས་ལ་བརྟེན་ནས་ཁྱིམ་སྡོད་བཀའ་རྒྱ་བཀྲམ་པའི་དུས་ཡུན་ནང་དེ་དག་གི་འཚོ་བའི་ཐོག་ལ་སྔར་ལྷག་དཀའ་ངལ་འཕྲད་སྐབས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་རོགས་རམ་ཅུང་ཙམ་རེ་བྱེད་ཐུབ་ན། བསམ་པའི་ཟས་ལ་ཆེ་ཆུང་དང་། མི་དགེའི་ཚིག་ལ་མང་ཉུང་མེད་པའི་དཔེ་བཞིན་ངེས་པར་བྱེད་དགོས་པ་ཞིག་རེད། གཞན་ལ་རྗེས་སུ་ཡི་རངས་ཙམ་བྱས་ནའང་། ཆོས་འཇིག་རྟེན་གཉིས་ཐད་ནས་འོས་འཚམ་ཞིག་ཏུ་གྱུར་ཡོད་པ་ལས། བལ་གཞུང་དང་། རྒྱ་གར་གཞུང་ལ་བོད་པའི་མིང་ཁུར་ནས་ངོ་དེབ་སོགས་སུ་ཁ་རྡུང་གཏོང་མཁན་དག་ནི། དུས་རྒྱུན་སུའི་མགྲིན་ཚབ་པ་ཡིན་མིན་དང་། སུ་ལ་གནོད་སྐྱེལ་ཐབས་བྱེད་ཀྱི་ཡོད་མེད་ཀྱང་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད་པས། མི་དེ་རིགས་ཡ་མེད་དུ་གཏོང་རྒྱུ་དེ་ཐབས་ལམ་ཡག་ཤོས་སུ་གྱུར་ཡོད།།