མི་ལོ་ཉི་ཤུའི་རིང་དབྱིན་ཡུལ་ནང་ལས་ཀ་བྱེད་མྱོང་མཁན་རྒྱ་རིགས་ཚན་རིག་པ་ཞིག་ཕྱིར་རྒྱ་ནག་ལ་བྲོས་ཤོར་ཡོད་འདུག

མི་ལོ་ཉི་ཤུའི་རིང་དབྱིན་ཡུལ་ནང་ལས་ཀ་བྱེད་མྱོང་མཁན་རྒྱ་རིགས་ཚན་རིག་པ་ཞིག་ཕྱིར་རྒྱ་ནག་ལ་བྲོས་ཤོར་ཡོད་འདུག

འདས་པའི་མི་ལོ་ཉི་ཤུའི་རིང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ཚན་རིག་ཁང་གལ་ཆེན་འདྲ་མིན་ནང་ལས་ཀ་བྱེད་མྱོང་མཁན་རྒྱ་རིགས་དངོས་ཁམས་ཚན་རིག་པ་ཞིག་ཕྱིར་རྒྱ་ནག་ལ་བྲོས་ནས། ད་ཆར་ཚན་རིག་པ་དེ་རྒྱ་ནག་གི་(Hypersonic Programme) ཟེར་བའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཞིག་ནང་འཛུལ་ཞུགས་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་གྱི་wion གསར་ཁང་ནས་གནས་ཚུལ་ཐོན་གསལ་ལྟར་ན། འདས་པའི་མི་ལོ་ཉི་ཤུ་ཙམ་གྱི་རིང་དབྱིན་ཡུལ་གྱི་(Hypersonic technology )རྡུལ་ཕྲན་མཚོན་ཆའི་ལས་གཞི་ཞིག་ནང་ལས་ཀ་བྱེད་མྱོང་མཁན་དངོས་ཁམས་ཚན་རིག་ཐོག་མཁས་པ་ཡིན་པའི་རྒྱ་རིགས་ཀྲང་ཡུང་ཧོའོ་(Zhang Yonghao) ཟེར་བ་ཞིག་ཕྱིར་རྒྱ་ནག་ལ་བྲོས་ཡོད་འདུག་ལ། ཚན་རིག་པ་དེ་ཕྱི་ལོ་༢༠༠༠ཙམ་ལ་དབྱིན་ཡུལ་ནང་ཡོང་ཡོད་པ་དང། སྐབས་དེ་དུས་ཚན་རིག་བརྟག་དཔྱད་ཁང་ཞིག་ནང་ལས་ཀ་བྱས་ཡོད་འདུག 
དེ་རྗེས་སུ་ཕྱི་ལོ་༢༠༢༠ ནས་ཁོང་(universty of Edinburgh)དྷོ་བག་ཧ་གཙུག་ལག་མཐོ་སློབ་གྱི་སློབ་དཔོན་ཆེན་མོ་བསྐོས་མྱོང་ཡོད་ཅིང། མཐོ་སློབ་དེའི་གནས་རིམ་མཐོ་ཤོས་སུ་ལས་ཀ་བྱེད་མྱོང་ཡོད་འདུག འདས་པའི་མི་ལོ་ཉི་ཤུའི་རིང་ཚན་རིག་པ་དེ་ཡིས་ནུས་ཤུགས་ཐོན་ཁུངས་དང་ཁོར་ཡུག་ཚན་རིག གནམ་གཤིས་རིག་པ་སོགས་དངོས་ཁམས་ཚན་རིག་དང་འབྲེལ་བའི་ཉམས་ཞིབ་གཏིང་ཟབ་བྱས་ཡོད་འདུག་ལ། དམིགས་བསལ་གྱིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་རླངས་རྫས་དང། དྲོད་ལ་སོགས་ཀྱི་བྱེད་ལས་སྐོར་ཉམས་ཞིབ་བྱས་ཡོད་འདུག ཕྱིས་སུ་ཁོ་དབྱིན་ཡུལ་གྱི་མཐོ་སློབ་ནས་དགོངས་པ་ཞུས་རྗེས་རྒྱ་ནག་གི་(the Chinese Academy of Science )ཚན་རིག་ཞིབ་འཇུག་ཁང་ཞིག་གི་ནང་འཛུལ་ཞུགས་བྱས་ཡོད་འདུག 
ད་ཆར་དབྱིན་ཡུལ་ནང་ཡོད་པའི་མཁས་པ་ཁག་གིས་རྒྱ་རིགས་ཚན་རིག་པ་དེ་ཕྱིར་རྒྱ་ནག་ལ་བྲོས་ནས་རྒྱ་ནག་དབུས་གཞུང་གི་ཞིབ་འཇུག་ལྟེ་གནས་(National hypersonic laboratory )ནང་འཛུལ་ཞུགས་བྱས་པ་དེའི་རྒྱུ་མཚན་ད་དུང་ཡང་གསལ་པོ་ཞིག་ཤེས་མི་འདུག 
ཕྱི་ལོ་༢༠༢༡ ནས་དབྱིན་ཡུལ་གཞུང་གིས་རྒྱལ་ཁབ་གྱི་བདེ་འཇགས་དང་གསང་བའི་གནད་དོན་རིགས་མི་ཤོར་བའི་ཆེད་དུ་རྒྱ་རིགས་སློབ་གཉེར་བ་རྣམས་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་འདུག ལྟ་ཞིབ་བྱེད་ཡུལ་གཙོ་བོ་ནི་མཐོ་སློབ་ཁག་དང་ཉམས་ཞིབ་ལྟེ་གནས་ཁང་ཁག་ནང་ཡོད་པའི་རྒྱ་ནག་གཞུང་དང་འབྲེལ་བའི་རྒྱ་རིགས་ཤེས་ཡོན་ཅན་རྣམས་ཡིན་འདུག ཕྱིས་སུ་ལྟ་ཞིབ་ནན་པོ་བྱས་པ་ལ་བརྟེན་ནས་ཕྱི་ལོ་༢༠༢༢ ནང་རྒྱ་རིགས་ཚན་རིག་པ་དང་ཞིབ་འཇུག་སློབ་མ་མང་པོ་ཞིག་དབྱིན་ཡུལ་རྒྱལ་ཁབ་གྱི་བདེ་འཇགས་ཀྱི་ཆེད་དུ་དབྱིན་ཡུལ་ནང་ལས་ཀ་བྱེད་རྒྱུ་ལ་བཀག་སྡོམ་བྱས་ཡོད་འདུག དབྱིན་ཡུལ་ཕྱི་འབྲེལ་ལས་ཁུངས་ནས་སྙན་ཐོ་བཏོན་གསལ་ལ་ཕྱི་ལོ༢༠༢༢ ནང་རྒྱ་རིགས་༡༠༠༠ བཀག་སྡོམ་བྱས་ཡོད་ཅིང། ཕྱི་ལོ་༢༠༡༦ ནང་མི་༡༣ བཀག་སྡོམ་བྱས་ཡོད་པ་དང། དེ་ནས་བཟུང་བཀག་སྡོམ་བྱེད་རྒྱུ་མང་དུ་འགྲོ་བཞིན་ཡོད་འདུག 
སྲུང་སྐྱོབ་བྱེད་ས་གཙོ་བོ་ནི་ཉམས་ཞིབ་ལྟེ་གནས་ཁག་དང་འཛུགས་སྐྲུན་ལས་གཞི། དེ་བཞིན་ཚན་རིག་ཞིབ་འཇུག་ལྟེེ་གནས་སོགས་ནས་གསང་བའི་རིགས་རྐུ་འཁྱེར་མི་ཤོར་བའི་ཆེད་དུ་ཡིན་འདུག དམིགས་བསལ་རྒྱ་ནག་གཞུང་གིས་དབང་སྒྱུར་བཞིན་པའི་འཕྲུལ་རིགས་དང་འབྲེལ་བའི་གསང་བའི་རིགས་སྲུང་སྐྱོབ་ནན་པོ་བྱེད་བཞིན་ཡོད་འདུག(Flight Global )ཞེས་པའི་གསར་ཁང་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་( Hypersonic programme)རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ལས་གཞི་དེའི་ནང་ཨོ་སི་ཊོོ་ལི་ཡ་དང། འཇར་མན། སི་ཝེ་ཌན། དབྱིན་ཡུལ་རྒྱལ་ཁབ་བཅས་ནང་ཡོད་པའི་མཐོ་སློབ་ཁག་གི་ཉམས་ཞིབ་པ་དང། མཁས་དབང། ཆེད་ལས་པ་སོགས་དང་ལྷན་དུ་མཉམ་ལས་བྱེད་བཞིན་ཡོད་འདུག རྒྱ་ནག་གི་མཐོ་སློབ་( China’s Harbin Institute of technology national University of Defense Technology  ) གཉིས་ཀྱིས་གཙོ་བོ་འགན་ཁུར་ནས་(hypersonic vehicle)ཟེར་བ་མཚོན་ཆ་དེ་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། ལས་གཞི་དེ་དག་ནི་རྒྱ་ནག་གི་བཅིངས་དཀྲོལ་དམག་དང་ཐད་ཀ་འབྲེལ་བ་ཡོད་པ་ཞིག་ཡིན་འདུག
གསར་འགོད་པ་བསོད་ནམས་ཕུན་ཚོགས།