མོན་རྟ་དབང་གི་མི་མང་ཚོས་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་དགོས་པའི་ཞི་བའི་གོམ་བགྲོད་གནང་འདུག

རྟ་དབང་རྫོང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག སེར་སྐྱ་མི་མང་བརྒྱ་ཕྲག་འགའ་ཤས་མཉམ་ཞུགས་བྱས་ནས་རྟ་དབང་དགོན་པ་ནས་སངས་རྒྱས་སྐྱེད་ཚལ་བར་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་དགོས་པའི་ཞི་བའི་གོམ་བགྲོད་གནང་ཡོད་འདུག

པར། Mon Tawang Vigilance

ཟླ་འདིའི་ཚེས་༢༣ ཉིན། ངོ་དེབ་ཀྱི་ཁ་བྱང་ལ་༼Mon Tawang Vigilance༽ ཞེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྟ་དབང་རྫོང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་དགོན་པ་ཁག་གི་བླ་མ་དང་དགེ་འདུན་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི། སློབ་ཕྲུག་དང་ཚོང་པ། མི་མང་བཅས་མི་གྲངས་བརྒྱ་ཕྲག་འགའ་ཤས་མཉམ་ཞུགས་བྱས་ནས། རྟ་དབང་དགོན་པའི་ཉེ་འགྲམ་དུ་ཡོད་པའི་འཆམ་གླིང་༼Chhamleng༽ ནས་སངས་རྒྱས་སྐྱེད་ཚལ་བར། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་བྷ་རཊ་རཏ་ན་༼Bharat Ratna༽ འབུལ་དགོས་པའི་ཞི་བའི་གོམ་བགྲོད་གནང་ཡོད་འདུག་པ་དང་། འཆམ་གླིང་དུ་མི་མང་འདུ་འཛོམས་བྱེད་སྐབས། རྟ་དབང་དགོན་པའི་མཁན་པོ་བཤད་གླིང་སྤྲུལ་སྐུ་རིན་པོ་ཆེ་དང་། སྐྱབས་རྗེ་རི་སྐྱ་ལྷ་འོད་རིན་པོ་ཆེ། སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ། རྟ་དབང་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་སངས་དོན་གྲུབ།༼Sang Dondu༽ ཚོགས་གཙོ་ཟུར་པ་སྨིན་དྲུག་ཚེ་རིང་༼Mindu Tsering༽ སོགས་ཀྱིས་ྋགོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ། རྒྱ་གར་གྱི་གནའ་བོའི་ནཱ་ལེནྡྲའི་ནང་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བ་བཅས་ལ་ཕུལ་བའི་རླབས་ཆེན་གྱི་མཛད་རྗེས་སྐོར་དང་། དེ་བཞིན་ཁོང་རྣམ་པས་ྋགོང་ས་མཆོག་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་རྒྱུན་དུ་རང་ཉིད་རྒྱ་གར་གྱི་བུ་ཡིན་ཞེས་ངོས་འཛིན་གནང་གི་ཡོད་ལ། མགོན་པོ་མཆོག་བཙན་བྱོལ་དུ་བཞུགས་ནས་ལོ་ངོ་དྲུག་ཅུ་ལྷག་འགྲོ་བཞིན་པའི་རིང་། འཛམ་གླིང་ཡོངས་ལ་རྒྱ་གར་གྱི་རིན་ཐང་ལྡན་པའི་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཁྱབ་སྤེལ་གནང་ཡོད་པ་ནན་བརྗོད་གནང་ཡོད་འདུག

པར། Mon Tawang Vigilance

རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་དེ་ནི་ཕྱི་ལོ་༡༩༥༤ ལོར་གསར་འཛུགས་གནང་ཞིང་། མིའི་རིགས་ཀྱི་བྱ་གཞག་གི་ཁྱབ་ཁོངས་གང་རུང་ནང་ཞབས་འདེགས་འགྲན་ཟླ་བྲལ་བ་འབུལ་མཁན་ལ་འབུལ་གྱི་ཡོད་འདུག། གཟེངས་རྟགས་འདི་གཙོ་བོ་རྒྱ་གར་གྱི་ཡུལ་མི་ཚོར་གནང་གི་ཡོད་རུང་། འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ཆེད་མཛད་པ་རླབས་ཆེན་སྐྱོང་མཁན་ཕྱི་རྒྱལ་གྱི་མི་སྣ་གྲགས་ཅན་ནེལ་སོན་མན་ཌ་ལ་༼Nelson Mandela༽ དང་ཨ་མ་ཊེ་རེ་ས་ལྟ་བུ་ལ་ཡང་འབུལ་མྱོང་ཡོད་འདུག གསུང་བཤད་གནང་མཁན་རྣམས་ཀྱིས། རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་དེ་ྋགོང་ས་མཆོག་ལ་ཕུལ་བ་ཡིན་ན། དེ་ནི་༧གོང་ས་མཆོག་སྒེར་ལ་གཟེངས་བསྟོད་བྱས་པ་ཙམ་མ་ཡིན་པར། རྒྱ་གར་གྱིས་འཛམ་གླིང་ལ་རང་གི་བླ་ན་མེད་པའི་བསམ་པའི་དཔལ་ཡོན་དང་རིག་གཞུང་གི་རིན་ཐང་དག་ལ་སྲུང་བརྩི་བྱེད་ཀྱི་ཡོད་ཅེས་པའི་བརྡ་ལན་གསལ་པོ་ཞིག་སྤྲད་པ་ཡིན་ཞེས་ནན་བརྗོད་བྱས་ཡོད་འདུག གོམ་བགྲོད་མཇུག་བསྒྲིལ་བའི་སྐབས་སུ། རྟ་དབང་བྷི་ཇེ་པི་ཚོགས་པའི་ཚོགས་གཙོ་ལྷུན་གྲུབ་ཆོས་བཟང་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་འཐུས་མི་ཡོན་ཏན་བཟོད་པ་གཉིས་ཀྱིས་རྒྱ་གར་གྱི་དབུ་ཁྲིད་རྣམས་ལ་མི་མང་དང་ཚོགས་པ་མང་པོ་ཞིག་གིས་༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་དགོས་པའི་བསམ་ཚུལ་གཅིག་མཐུན་དུ་འགྱུར་བཞིན་ཡོད་པར་བརྟེན། དབུ་ཁྲིད་ཚོས་མགོན་པོ་གང་ཉིད་ཀྱི་འགྲན་ཟླ་བྲལ་བའི་མཛད་རྗེས་ལ་གཞུང་འབྲེལ་གྱིས་ཆེ་མཐོང་གནང་བ་དང་ཆབས་ཅིག མང་ཚོགས་ཀྱི་རེ་འདུན་ལ་ལག་ལེན་གྱི་ཐོག་ནས་བརྡ་ལན་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།