ཚེ་རིང་ཆོས་འཕེལ་གྱིས་གོ་ལའི་གོས་འགྲེམ་སྐུ་ཞབས་འགྲན་སྡུར་ནང་རྩེ་ཕུད་ཀྱི་གཟེངས་རྟགས་བླངས།
ཟླ་འདིའི་ཚེས་༡༦ནས་༢༣ བར་རོས་བྷོ་རོ་གྷུ་རོབ་(Rubaru Group) ཞེས་པའི་ཚོགས་པ་ཞིག་གི་གོ་སྒྲིག་འོག ལྡི་ལིར་ཚོགས་པའི་གོ་ལའི་གོས་འགྲེམ་སྐུ་ཞབས་འགྲན་སྡུར་ནང་ཞུགས་པའི་བོད་པའི་ཕོ་སར་ཚེ་རིང་ཆོས་འཕེལ་གྱིས་ཕུལ་བྱུང་གི་སྒྱུ་རྩལ་པ་དང་ཨེ་ཤི་ཡ་དང་མཚོ་གླིང་ཁུལ་གྱི་ཕུལ་བྱུང་གི་སྐུ་ཞབས་གཟེངས་རྟགས་བླངས་འདུག
འདི་གའི་གསར་འགོད་པས་ཁ་པར་ཐོག་ཁོང་ལས་དེའི་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱས་པར། ཁོང་གིས་ཐོག་མར་འགྲན་སྡུར་དེའི་ནང་ཇི་ལྟར་ཚུད་པའི་སྐོར་འགྲེལ་བརྗོད་གནང་དོན། “ཁོ་རང་གི་ངོ་ཤེས་ཡིན་པ་བོད་པ་དང་༧གོང་ས་མཆོག་ལ་ཆ་རྒྱུས་ཆེན་པོ་ཡོད་མཁན་རྒྱ་གར་བ་ཞིག་གིས་ཁོང་ལ་འབྲེལ་བ་བྱས་ནས། འགྲན་སྡུར་དེ་ངོ་སྤྲོད་དང་བོད་པའི་ངོས་ནས་དེར་ཞུགས་ཐུབ་ན་དགེ་མཚན་ཡོད་ཚུལ་བཤད་པས་འཛུལ་འདོད་བྱུང་བ་དང་། རྒྱ་གར་བ་དེས་གོ་སྒྲིག་ཚོགས་པར་འབྲེལ་མཐུད་བྱས་ཏེ་འགྲན་སྡུར་དེའི་ནང་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་ཐོབ་པར་བཤད་བྱུང་། དང་པོ་འཛུལ་ཞུགས་སྐབས་སུ་ཨ་སྒོར་ལྔ་བརྒྱ་དགོས་པས་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་པ་ཞིག་བྱུང་ན་བསམས་ཏེ་གློག་འཕྲིན་ཐོག་ནས་འབྲེལ་བ་བྱས་ཀྱང་ལན་གང་ཡང་རག་མ་སོང་། དཔལ་འབྱོར་ཡོད་པའི་ངོ་ཤེས་གཞན་ལ་རེ་བ་ཞུས་ཏེ་འཛུལ་ཞུགས་ཐུབ་སོང་”ཞེས་འགྲེལ་བརྗོད་གནང་སོང་།
འགྲན་སྡུར་དེར་མཉམ་ཞུགས་བྱེད་མཁན་དང་ཐོག་རྒྱལ་ཁབ་༢༤ ཙམ་ཡོད་ཀྱང་ཕྱི་སྐྱོད་ལག་ཁྱེར་འགྲིག་མིན་ལ་བརྟེན་ནས་དངོས་སུ་རྒྱལ་ཁབ་བཅོ་ལྔ་ལས་མཉམ་ཞུགས་ཐུབ་མི་འདུག ད་ཐེངས་ཁོང་གིས་ཆུང་དུས་སློབ་གྲྭའི་སྐབས་སུ་འཁྲབ་མྱོང་ཡོད་པའི་ལྷ་མོའི་འཁྲབ་གཞུང་ནང་ཚན་བཀྲ་ཤིས་ཞོལ་པ་འཁྲབ་ནས་ཕུལ་བྱུང་གི་སྒྱུ་རྩལ་བའི་བྱ་དགའ་ཐོབ་པ་དང་། ཨེ་ཤི་ཡ་དང་མཚོ་གླིང་ཁུལ་གྱི་ཕུལ་བྱུང་སྐུ་ཞབས་ཀྱི་བྱ་དགའ་ཐོབ། ད་དུང་བོད་ཀྱི་ཕྱུ་པ་དེ་ཡང་གྱོན་ཆས་ཡག་ཤོས་ཀྱི་གྲས་སུ་ཚུད་ཡོད་འདུག དང་པོ་འཛུལ་དུས་ཁོ་རང་ལ་ཐོབ་པའི་རེ་བ་མེད་པ་མ་ཟད་རྒྱལ་སྤྱིའི་གཟེངས་རྟགས་ཆེན་པོ་དེ་འདྲ་གཉིས་རག་རེད་བསམ་མེད་ཀྱང་། འཛུལ་ཞུགས་བྱ་རྒྱུ་གལ་ཆེན་ཞིག་མཐོང་ནས་འཛུལ་ཞུགས་བྱེད་དུས་སྒྱུ་རྩལ་ཚད་མཐོ་ཤོས་ལྔའི་ནང་དང་(Mr Asia and Oceania) ཨེ་ཤི་ཡ་དང་མཚོ་གླིང་ཁུལ་གྱི་ཕུལ་བྱུང་གི་སྐུ་ཞབས་ལྔའི་ནང་བོད་པའི་མིང་ཚུད་དུས་རང་ཉིད་ཀྱང་སྤོབས་པ་ཆེན་པོ་སྐྱེས་སྐོར་བརྗོད་འདུག
ཁོང་གིས་དམིགས་ཡུལ་ཐོག་བཤད་དོན། “བོད་པའི་ན་གཞོན་ཤེས་ཚད་དང་གཟུགས་བྱད་སོགས་གང་གི་ཐད་ནས་ང་ལས་ཡག་པ་དེ་འདྲ་མང་པོ་ཡོད་པ་རེད། ཁོང་ཚོས་འཛམ་བུ་གླིང་གི་སྡིངས་ཆ་འདི་འདྲ་བའི་ནང་འཛུལ་ཞུགས་བྱེད་སྟངས་ཤིག་ཤེས་ཐུབ་པ་དང་འཛུལ་ཞུགས་བྱེད་པར་སེམས་ཤུགས་དང་སྤོབས་པ་བསླེབ་ཕྱིར་དམིགས་ཡུལ་གཙོ་བོར་བཟུང་སྟེ་འཛུལ་ཞུགས་བྱས་པ་ཡིན། དང་པོ་བོད་ཀྱི་མཛངས་པའི་འགྲན་སྡུར་ནས་འགོ་བཙུགས་ཏེ་འཛུལ་ཞུགས་བྱས་ན་འདི་འདྲ་བའི་གོ་སྐབས་མང་པོ་ཐོབ་ཀྱི་རེད་ལ་འདི་འདྲའི་ནང་འཛུལ་ཞུགས་བྱ་རྒྱུ་གལ་ཆེན་རེད་”ཅེས་འགྲེལ་བརྗོད་གནང་སོང་།
སྐབས་དེར་ཕྱོགས་གང་སར་བཞུགས་པའི་གྲོགས་པོ་གྲོགས་མོ་གཙོས་པའི་བོད་མི་མང་པོ་ཞིག་གིས་ཡིག་ངག་གཉིས་ཀྱི་ཐོག་ནས་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་འདུག
འགྲན་སྡུར་འདི་གོ་སྒྲིག་གནང་མཁན་གྱི་སྦྱིན་བདག་གཙོ་བོ་དེ་རྒྱ་གར་ཧ་རི་ཡ་ན་ནས་ཡིན་པའི་སན་སྒྲིབ་ཕུ་ཀུ་མར་(Sandeep Kumar) ཞེས་པ་ཡིན་ཞིང་ཚོགས་པ་འདི་ནི་རྒྱ་གར་ནང་ནས་ཚོགས་པ་ཆེ་ཤོས་ཤིག་ཡིན་པ་མ་ཟད། ལྷོ་ཤར་ཨེ་ཤི་ཡའི་ནང་གི་ཚོགས་པ་ཆེ་ཞིག་ཡིན་འདུག ཚོགས་པ་འདིས་དེ་སྔོན་རྒྱ་གར་མཛངས་མའི་འགྲན་སྡུར་སོགས་འགྲན་སྡུར་འདྲ་མིན་མང་པོ་ཞིག་ཨེ་ཤི་ཡའི་རྒྱལ་ཁབ་གང་སར་གོ་སྒྲིག་བྱས་མྱོང་ཡོད་འདུག
༢༠༡༧ ལོའི་བོད་ཀྱི་མཛངས་པའི་འགྲན་སྡུར་སྐབས་སུ་ཨང་གཉིས་པ་ཡིན་པའི་ཚེ་རིང་ཆོས་འཕེལ་ནི་བལ་ཡུལ་པོག་ར་ནས་ཡིན་ཞིང་། པོག་ར་བོད་ཁྱིམ་སློབ་གྲྭ་ནས་འཛིན་གྲྭ་༡༢ ཐོན་རྗེས་སྦེང་ལོར་མཐོ་སློབ་ཞིག་ནས་ཚོང་ལས་སྐོར་ཆེད་ལས་སློབ་སྦྱོང་བྱས་ཏེ་མཐར་ཕྱིན་ཡོད་འདུག། དེའི་རྗེས་སུ་ཁོ་རང་གི་དབྱིངས་ཡོད་ས་དེ་རྩེད་མོའི་རིགས་དང་གཟུགས་པོ་སྦྱང་ཡ་ཡིན་པས་དེའི་ཐོག་ནས་ (ACE) ཞེས་པར་གཟུགས་པོ་སྦྱོང་བརྡར་གྱི་སློབ་སྦྱོང་བྱས་ཏེ་འཛམ་གླིང་གི་གཟུགས་པོ་སྦྱོང་སའི་བསྟི་གནས་ཆེ་ཤོས་Gold’s Gym གྱི་ཡན་ལག་སྦེང་ལོར་དུ་ཡོད་པ་(Freelance Personal Fitness Trainer)
ཞེས་པའི་ཚོགས་པ་ཞིག་གི་ནང་གཟུགས་པོ་སྦྱོང་བརྡར་སྤྲོད་མཁན་གྱི་ལས་ཀ་བྱེད་བཞིན་ཡོད་འདུག།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།