ཚོགས་པ་༢༣༠ ཡིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་དགོངས་པ་ཞུ་དགོས་པའི་སྐུལ་མ་བྱས་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་མི་ཤེལ་བྷ་ཆི་ལེ་ཊི(Michelle Bachelet)ལོ་འདིའི་སྤྱི་ཟླ་ལྔ་པའི་ཚེས་༢༣་ནས་༢༨་བར་གྱི་ཉིན་གྲངས་དྲུག་གི་རིང་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། གཟིགས་སྐོར་དེ་ནི་འདས་པའི་མི་ལོ་༡༧ རིང་གི་ཆེས་ཐོག་མ་དེ་ཆགས་ཡོད་འདུག སྐབས་དེར་ཁོ་མོས་རྒྱ་ནག་གི་སྲིད་འཛིན་དང་ལྷན་དུ་བཀའ་མོལ་གནང་ཡོད་པ་དང་ཤིན་ཅང་དུ་ཡང་གཟིགས་སྐོར་དུ་ཕེབས་ཡོད་པ་རེད་འདུག ཡིན་ནའང་། ཁོ་མོས་རྒྱ་ནག་གཞུང་གིས་ཤིན་ཅང་སོགས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་ཉེས་འཛུགས་བྱེད་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ། རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཐད་གྲུབ་འབྲས་ཆེན་མོ་ཐོན་ཡོད་པའི་བསྔགས་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱུ་མཚན་དེ་དག་ལ་བརྟེན་ནས་ཟླ་འདིའི་ཚེས་༩ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ནང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིར་ཁོ་མོ་རྒྱ་ནག་ཏུ་གཟིགས་སྐོར་དུ་ཕྱིན་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་པ་དང་གྲངས་ཉུང་མི་རིགས་ལ་མནར་གཅོད་བྱས་པའི་ནག་ཉེས་དག་ཉེས་སྲུང་བྱེད་ཡོད་པ་བརྟེན། རྒྱལ་སྤྱིའི་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་༢༣༠ ཡིས་ཁོ་མོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་འབོད་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག
གཞན་ཡང་wion ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནི་སྤྱི་ལོ་༡༩༤༥ ལོར་དབུ་འཛུགས་བྱས་ཡོད་པ་དང་དེའི་དམིགས་ཡུལ་ནི་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་སོགས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་མོད་ཀྱང་། མི་ལོ་༧༠་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལས་དོན་མང་པོའི་ཐོག་ལ་ནུས་པ་ཐོན་མེད་རབས་བརྗོད་འདུག།དེ་ཡང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་པ་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆད་པ་བཅད་ཡོད་པའི་གནས་སྟངས་ཀྱི་འོག་ཏུ་ཡོད་མོད་ཀྱང་། ཉེ་བའི་ཆར་བྱང་ཀོ་རི་ཡ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་མཚོན་བཀག་སྡོམ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆགས་ཡོད་རབས་དང་། རྒྱ་ནག་དང་པ་ཀི་སི་ཐན་གཉིས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྩི་མེད་རྡོག་རོལ་གཏོང་གི་ཡོད་ན་ཡང་། སྤྱི་ལོ་༢༠༢༠ ལོར་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རུ་བདམས་ཐོན་བྱུང་ཡོད་པ་དང་། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ལ་མ་དངུལ་ཨ་སྒོར་ཐེར་འབུམ་༣.༡༢ ཡོད་པ་དང་གལ་སྲིད་དེ་དག་ནི་ཞི་བདེ་སྲུང་སྐྱོབ་ཀྱི་དོན་དུ་གཏོང་ཡོད་པ་བརྗོད་ན། ད་ལྟའི་ཆར་རྒྱལ་ཁབ་དྲུག་གི་ནང་དུ་དམག་འཁྲུག་ལངས་བཞིན་ཡོད་པས་འཛམ་གླིང་ལ་ཞི་བདེ་སྐྲུན་ཐུབ་མེད་པ་དང་། གལ་སྲིད་སྒོར་མོ་དེ་དག་ནི་བཀྲས་སྐོམ་གྱིས་མནར་བཞིན་པའི་མི་དག་གི་དོན་དུ་གཏོང་གི་ཡོད་ན། ད་དུང་ཡང་མི་མང་ས་ཡ་༨༡༡ དགོང་མོ་འཆར་ཅན་ཁ་ལག་མ་རག་པ་ཉལ་དགོས་པའི་གནས་སྟངས་དེ་འདྲ་ཡོང་དོན་ཅི་ཡིན་ནམ་ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཐོག་ལ་ནུས་པ་ཐོན་གྱི་མེད་པའི་གནས་ཚུལ་སྤེལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།